[A:༥༥༩]སྡེ་པ་དཔོན་བློན་གྱི་ཆིབས་རགས་མང་པོ་དང་བཅས་ཏེ་ཁྲོ་མདའ་ནོར་བུ་སྒང་ཐུག་ཕེབས་སྐྱེལ་བྱས། གུར་མང་པོ་ཕུབ་གསོལ་ཇ་གཉིས་སྦྲེལ་བཞེས་སྤྲོ་སོགས་བཟབས་པར་བྱུང༌། བདག་མཆོད་ཡོན་ཤར་ནུབ་སོ་སོ་ཡང༌། །དད་འདུན་དང་མཁྱེན་བརྩེའི་སྲད་བུས་སྦྲེལ། །དུས་ནམ་ཡང་ཤིས་པའི་ཆོ་ག་བསྟར། །ཆོས་ལུགས་གཉིས་དར་བ་ཉམས་རེ་དགའ། །དེ་ནས་དགོན་པ་རྫོང་ལ་བྱས་དབང་ལྡན་དུ་སླེབ། དབང་ལྡན་རྩེར་སྡེ་པ་དམག་དཔོན་དྲུང་ལ་ཚེ་དབང་སོགས་བྱས། དེ་དུས་དྲུང་ཆེན་བསམ་རྩེར་བཞུགས་དགོས་བྱུང༌། རྒྱན་དྲུང་གང་ཅི་ལ་གནང་བྱུང༌། རྒྱན་དྲུང་གི་སྒོས་གཞིས་དབུ་རིར་ཞག་གཅིག་བསྡད་ཁོང་རྣམས་ལ་ཚེ་དབང་སོགས་བྱས། སང་ནང་སོ་ཚེ་བདག་དྲུང་དང༌། ལ་འཁྲུད་མཁན་མང་པོས་ཏང་ཏང་ལ་ལ་སྐྱེལ་ཐུད་བྱས། སྲད་ཕུ་དོ་དཔེར་ཞག་གཅིག་བསྡད། ཁོང་རྣམས་ལ་ཚེ་དབང་སོགས་བྱས། དེ་ནས་སང་སྲད་གཞུང་ལམ་ལ་ཡོངས་པས་རླུང་འཚུབ་དཔེར་མི་བཟོད་པ་ལངས། དོ་དཔེ་ནས་མི་སྣ་ཞིག་གིས་ལམ་སྣ་བྱས་པ་མ་གཏོགས་ལམ་དང་རབ་ཁུངས་མི་ཆོད་པ་ལྟ་བུ་བྱུང༌། དམག་ཟོར་མ་དགྱེས་པའི་ཆོ་འཕྲུལ་ཡིན་པས་རླུང་འཚུབ་ལ་དགའ་བར་བྱས་ཟེར་བ་འདུག་པས་བཟོད་ཟེར་གྱིན་ཡོངས། ལྷ་དམག་ཟོར་རྒྱལ་མོ་འཕྲེང་བའི་རླུང༌། །སྲད་ལུང་པ་དོག་ཀྱང་རླུང་གིས་སྤོས། །རླུང་རྦ་རླབས་ཆེ་ཡང་རེག་བྱ་འཇམ། །ཁོ་མི་སྡོད་མགྱོགས་པོ་འགྲོ་ཡོ་བྱས། །དེ་ནས་ཆུ་ཐོན་ཙམ་གྱི་ལ་ཁ་ཟེར་བ་ཞིག་ཏུ་བསྡད། གསོལ་འདེགས་རྩ་གཟན་སོགས་ཀྱི་མཐུན་འགྱུར་རྩེ་ཆེན་ནས་མཛད་ཀྱིན་འདུག །སང་ནང་པར་སྔ་བར་ལངས་ལྷུན་རྩེར་ཕྱིན། སྡེ་