R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༦༡
[A:༥༦༡]ས་ཕྱོགས་ཀུན་ཏུ་ཕྱིན་ཡང་སྤྱིར་སངས་རྒྱས་ཀྱི་བསྟན་པ། སྒོས་དཔལ་ལྡན་ས་སྐྱ་པའི་བསྟན་པ་བྱང་ཕྱོགས་འདི་ན་ག་འདུག །གཞན་ན་གཟུགས་བརྙན་ཙམ་དུ་སྣང་གསུང༌། དབང་བསྐུར་གྱི་ཚེ་རྗེས་ཟློས་དགོས་པ་དཔོན་སློབ་ཀུན་གྱིས་དུས་མཉམ་བྱེད་པ་འདི་ཨེ་དག་གསུང༌། འདུལ་མངོན་གྱི་ལུགས་ལ་ནི། མཛོད་རང་འགྲེལ་ལས། འབོགས་པ་པོའི་སྔར་ཡང་སྨྲ་བར་མི་བྱ་ལ། ཁ་མཉམ་སྟེ་ཡང་སྨྲ་བར་མི་བྱ་སྟེ། དེ་ལྟར་ན་གཞན་ལས་ནོས་པ་ཡིན་གྱི་གཞན་དུ་ན་འབོག་པ་དང་ནོས་པ་འགྲུབ་པར་མི་འགྱུར་རོ། །ཞེས་བཤད་པས་རྗེས་ཟློས་དུས་མཉམ་དུ་མི་རུང་ཞིང༌། སྔགས་ལ་ཡང་དེ་འདྲ་ཞིག་དགོས་རྒྱུར་འདུག་ཀྱང་དིང་སང་དུས་མཉམ་བྱེད་པ་ཅུང་ཟད་ཉམས་པ་ཡིན་པ་འདྲ་ཞུས། དེ་འདྲའི་ལུང་ཁ་གསལ་ཡོད་ཕྱིན་དུས་མཉམ་མི་རིགས་པ་འདུག་གསུང༌། ངེད་ཀྱི་བུ་ཚ་ཞིག་ཀྱང་ཁྱེད་ཀྱི་རྩར་སློབ་གཉེར་ལ་གཏོང་གསུང༌། གཏོར་མའི་མྱུ་གུའི་སྐོར་ཀྱང་སྔར་བཞིན་གསུང༌། དེ་དུས་རྗེ་དབོན་འཕགས་མཆོག་དང༌། ར་དཀྱིལ་ཁང་སོགས་ཀྱང་འདུག་པ་རང་ཕྱོགས་ཞེན་གྱི་མཐུན་རྐྱེན་ལེགས་པོ་བྱས། དཀྱིལ་ཁང་པ་དེ་དུས་ཤིན་ཏུ་ན་བ་བྱུང་བས། འོག་ཏུ་ཡོང་མ་ཁྱོད་སྟེང་གི་གཡབས་ཆུང་ཞིག་ཏུ་ཕྱིན་ཇ་དང་འབུལ་བ་སོགས་བྱས། སྲིད་ཞིའི་དཔལ་སྟེར་རིག་འཛིན་ཨུཏྤལ་ཅན། །ཟུར་ཙམ་གྱིས་ཀྱང་རང་གཞན་ཡིད་འཛིན་ན། །རྣམ་དཀར་མཛད་འཕྲིན་སྐྱོང་ན་ལྟ་ཅི་སྙམ། །ངོ་མཚར་ཡིད་ཀྱི་རི་མོ་ཅི་ཡང་འབྲི། །སྡེ་སྲིད་དཔལ་བཀྲས་ཡིང་འོང་དེས་པའི་གཟུགས། །གཞོན་ནུར་གྱུར་ཀྱང་འཇིག་རྟེན་གཞུང་ལུགས་སྐྱོང༌། །ཕུན་ཚོགས་