[A:༥༦༢]འདོད་དགུ་འབྱུང་བའི་བསྟི་གནས་དེར། །དཔལ་དང་འབྱོར་པའི་ཡོ་ལང་ཅི་ཡང་བྱས། །སང་སྔ་བར་བེར་ཆེན་བླ་བྲང་དུ་སླེབ་ཚེ་དབང་སོགས་བྱས། སང་རྫིང་ལུང་དུ་གུང་ཚིགས་ལ་སླེབ་སྦྱིན་བདག་རྣམས་ལ་ཚེ་དབང་སོགས་བྱས། དེ་ནས་བྱ་གཤོངས་སུ་དགེ་འདུན་རྣམས་ཀྱི་སེར་སྦྲེང་གིས་བསུས་ཏེ་སླེབ། མང་བསྐོལ་སྦྱི་འབུལ་རྟ་རྣམས་བྱས། དེ་དུས་ཆོས་རྒྱལ་ནམ་མཁའ་རྒྱལ་པོ་ལྷ་དབང་རྩེ་ན་བཞུགས་པ་དང་མཇལ། དཔོན་རིགས་ཐོར་ཆགས་ལ་ཚེ་དབང་བྱས། དེ་ནས་མཚེད་དུ་བསྟན་འཛིན་རིན་པོ་ཆེ་དང་མཇལ། རྗེ་གྲུབ་ཆེན་ནས་བརྒྱུད་པའི་ཞལ་དང་ཕྱག་བཞི་པའི་རྗེས་གནང་ཞུས། ལྷ་ཁང་ཀ་གཉིས་མའི་རྟེན་མཆོད་ཐུགས་ནང་དག་པས་ཕོད་ཁ་འཆམས་ཆས་སོགས་དང༌། གསོལ་དཔངས་ཆེན་མོ་གསེར་ཞོ་བརྒྱ་ཟི་ཟེར་བ་སོགས་ཀྱི་ལྟད་མོ་སྣ་ཚོགས་ཀྱང་གཟིགས་འབུལ་གནང༌། བོད་ཁ་བ་ཅན་པའི་གྲུབ་ཐོབ་དངོས། །རྗེ་གྲུབ་ཆེན་གྱི་གདན་ཁྲི་སྐྱོང་བའི་རྗེ། །ཆོས་གཞན་ལ་མེད་པའི་ངོ་མཚར་གཏམ། །གསུང་བདུད་རྩི་མྱོང་བ་སྐལ་པ་བཟང༌། །དེ་ནས་རོང་ཚོར་ཤོག་གསུང་ཆུ་བྱང་བརྒྱུད་ནས་གྲུུ་ལ་ཐོན་ནས་ཕྱིན་ཞག་འགའ་བསྡད། དབང་བྱིན་རླབས། རྗེས་གནང་སོགས་མང་དུ་བྱས། རོང་ཚོ་བྱང་པའི་དེར་ཚེ་དབང༌། གཟུངས་གྲའི་རྗེས་གནང་སོགས་མང་དུ་བྱས། དེ་ནས་བྱ་གཤོངས་སུ་སླེབ། བོ་དོང་གཉེར་པ་མུས་ནས་ཀྱི་ནང་སོ་ཆོས་རྗེ་ལ་བྱ་གཤོངས་སུ་བྱོན་ནས་ཚེ་དབང་ཕུལ། གྲྭ་པ་རྣམས་ལ་ཚེ་དབང་དང༌། རབ་འབྱམས་པ་ཀུན་བསོད་ལ་ཕྱག་རྡོར་རྗེས་གནང་བྱས། སང་ལ་ལྐོག་ཏུ་སླེབ་ས་ལུང་ནས་ནང་སོ་སྐུ་མཆེད་གཞོན་ནུ་གཉིས་ཀྱང་མཇལ་དུ་