[A:༥༦༨]གསེད་བཀྲོལ་དང་བཅས་ཏེ་གནང༌། དབང་དེ་དག་ལ་དགོས་པའི་ཡིག་ཆ་སོ་སོའི་ལུང༌། མཐར་རྣམ་སྲས་སེར་ཆེན་གྱི་རྗེས་གནང་དང་བཅས་ཏེ་རྫོགས་པར་གནང་ཤིན་ཏུ་བཀའ་དྲིན་ཆེ། རང་ཡང་རྒྱུད་མན་ངག་གི་བདག་པོར་གྱུར་སྙམ་སེམས་གཟེངས་མཐོ་བ་རང་བྱུང༌། དེ་དུས་རང་གི་རྒྱུན་གཏོར་རྡོ་ལེབ་གཅིག་གི་སྟེང་ན་ཡོད་པ་དེ་ལ་མྱུ་གུ་སྔོན་པོ་མེ་ཏོག་སེ་སྡིང་བ་དང་བཅས་པ་གཏོར་མའི་སྙིང་པོ་མི་མཐོང་བ་དེ་འདྲ་སྐྱེས། དེ་དུས་གདོང་དགའ་ནས་ཞབས་དྲུང་སྐུ་མཆེད་གཉིས་མི་བཞུགས་ཡོད་ཀྱང་ཞལ་བཀོད་ཀྱིས་ཁྱབ་པ་ཡིན་ནམ། བདག་མོ་རྩེ་ཆེན་མས་ཐབ་ཆས་ཤིན་ཏུ་བཟང་བ། དེ་བར་གྱི་བཞུགས་ཤིང་རྣམས་འབད་མེད་དུ་གནང༌། རགས་རྫོང་སློབ་གཉེར་བ་རྣམས་ཀྱི་རི་ལ་ཞག་ཉལ་བྱས་པའི་ཤིང་བུ་སེར་སྐམ་མ་ཤིན་ཏུ་མང་བ་བསྐྱལ། དེ་རྗེ་རིན་པོ་ཆེ་ས་སྐྱ་ལ་ཕེབས་པའི་བར་ལ་གདོང་དགའ་རྩེར་ཤོག་གསུང་ཞག་གསུམ་བསྡད། བན་གཙང་པ་རྣམས་ལ་མགོན་པོའི་རྗེས་གནང༌། རྩེ་ཆེན་བདག་མོ། ཡུམ་ཚེ་དཔལ་དྲུང༌། བཀྲ་ཤིས་རྩེ་པ་སོགས་ལ་ཚེ་དབང༌། གཟུངས་སྒྲ་སོགས་མང་དུ་བྱས། དེ་ནས་སྒྲོ་ལུང་དུ་སླེབ་མཚམས་རྨི་ལམ་ཤིན་ཏུ་དགའ་བ་ཞིག་བྱུང༌། རྩེ་ཆེན་བདག་མོ་དང༌། ཡུམ་དྲུང་གཉིས་སྤྲོ་ལུང་དུ་ཡང་བྱོན་ནས་འབུལ་བ་སོགས་ཤིན་ཏུ་བཟབས་པ་མཛད། ཡུམ་དྲུང་གིས་བ་གཞོན་མ་གཅིག་ཀྱང་གནང་གསོལ་ཇ་དང༌། འཇམ་སྡོར་ལ་ཕན་པ་གྱིས་གསུང༌། དེ་སྐབས་སུ་བདེ་ཀྱེ་གསང་གསུམ་སོགས་ཀྱི་མངོན་དཀྱིལ་རྣམས་འཇམ་པའི་རྡོ་རྗེ་དང༌། བྱམས་རྒྱན་གཉིས་ཀྱིས་བྲིས་དབང་དེ་དག་གི་དཀྱིལ་ཐང་རྣམས་ཕྱོགས་