[A:༥༦༧]སྲོང་དོན་གྲུབ་ཀྱིས་བྲམ་ཕུར་འཇའ་ས་ངོ་མཚར་དྲུག་གི་ལེབ་བྲིས་མཛད་པས་རབ་གནས་ལ་ཡོང་དགོས་གསུང་ཕྱིན། ཞག་བཅུ་སྐོར་བསྡད། དབང་བྱིན་རླབས་རབ་ཏུ་གནས་པའི་མེ་ཏོག་གི་ཆར་བབ། ངོ་མཚར་དྲུག་གི་རི་མོ་མིག་གི་དགའ་སྟོན་དུ་གྱུར་པ་ལ་རྣ་བའི་རྒྱན་དུ་གྱུར་པའི་སྙན་ཚིག་གི་སྦྱོར་བ་ཡང་བྱས། མི་གྲགས་ལྡན་དོན་གྲུབ་རྒྱལ་པོ་དེས། །ཡུལ་རྒྱ་ནག་ཡིག་ཚང་ལས་བཏུས་པའི། །སྔོན་གཏམ་དུ་མ་གྲགས་འཇའ་ས་དྲུག །དེ་བགོད་ལ་རབ་གནས་མེ་ཏོག་གཏོར། །དེ་ནས་སྒྲོ་ལུང་དུ་རྡོ་རྗེ་འཛིན་པ་ཀུན་དགའ་མཆོག་ལྡན་དྲུང་དུ་ཕྱིན། སྐུ་ནས་སྟབས་ཀྱིས་གསུང་ཆོས་མང་པོ་མ་བྱུང་བ་ཡོང་ངམ། སྔར་མ་ཐོབ་པའི་སྒྲུབ་ཐབས་རྒྱ་མཚོ་དང་ལུང་ཕྲན་བུ་ཞུ་སྙམ་པ་བྱུང༌། མ་ཆེན་སྐལ་བཟང་གིས་རང་རེ་ལ་ཆེད་གཏད་ཀྱི་ཁང་པ་གསར་པ་ཞིག་ཀྱང་བཅོས་འདུག །སྒྲུབ་ཐབས་རྒྱ་མཚོ་སོང་མཚམས་མ་ཆེན་གྱིས་མཚམས་སྦྱར། ཁྱེད་རང་གི་ཐུགས་ལ་ཡོད་པའི་བཀའ་བབས་སོ་སོའི་དབང་དང༌། རྒྱུད་བཤད་སོགས་ཀྱང་ཞུས་ན་གནང་བ་ཞིག་ཡོང་ངམ་ཟེར། རང་ཡང་སེམས་དགའ་སྤྲོའི་ངང་ནས་དེ་བཞིན་ཞུས་ཞལ་བཞེས་བྱུང༌། ཐོག་མར་འགྲེལ་པ་ལུགས་ཀྱི་དབང༌། མཚོ་སྐྱེས་ལུགས་ཀྱི་དབང༌། ནག་པོ་ལུགས་ཀྱི་དབང༌། བཀའ་རིམ་པ་བཞི། གུར་རིགས་བསྡུས་ཀྱི་དབང༌། སཾ་བུ་ཊ་རྡོར་དབྱིངས་ཀྱི་དབང༌། གསང་འདུས་འཇམ་རྡོར་གྱི་དབང༌། གསང་འདུས་སྤྱན་རས་གཟིགས་ཀྱི་དབང༌། རྒྱུད་བཤད་ལ་རྒྱུད་ཀྱི་སྔོན་འགྲོ་གསུམ། དངོས་གཞི་རྒྱུད་གསུམ་གྱི་བཤད་པ། ལུང་ཙམ་མ་ཡིན་པར་ཚར་གསུམ་གསུམ་དོགས་གཅོད་