R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༧༠
[A:༥༧༠]བས་ཆོས་འཆད་པ་ལ་སྤྲོ་མོ་ཡིན་པ་འདུག་ཀྱང༌། རང་ན་ཚོད་སྟབས་ཀྱིས་ཆོས་འཆད་མི་ཐུབ་ཅིང་མིང་གིས་སྐྱོང་བ་ཙམ་ལ་ཕན་ཡོན་མེད་བསམ་གྲོལ་ཆ་ཞུས། ཁོང་མི་དབང་གདོང་དགར་ཞལ་ངོ་མཆེད། །ཆོས་འཇིག་རྟེན་རྣམ་དཔྱོད་ཆེས་བཀྲ་ཞིང༌། །དད་འདུན་པའི་ལྷག་བསམ་དཀར་ན་ཡང༌། །རང་ཞི་བདེའི་ཆོ་གར་ཞེན་ཞིང་ཆགས། །དེ་ནས་སྟག་ལོ་གྲང་ཆེན་ཆོས་འཁོར་ཡང་རྩེར་བདེ་མཆོག་ནག་པོ་པའི་དབང༌། གུར་རིགས་བསྡུས་ཀྱི་དབང་ལ་མི་དབང་དགྲ་འདུལ་དོན་གྲུབ་སོགས་ཞལ་ངོ་རྣམས་ཀྱང་བཞུགས། དེ་ནས་དགེ་བདུན་རྣམས་ལ་མགོན་པོའི་འཁྲིད་དགོས་ཟེར་མགོན་པོའི་རྗེས་གནང་ཕྱི་འཁྲིད། ཁྱད་པར་བྲག་རྫོང་མའི་ཕྱི་ནང་གསང་གསུམ་གྱི་འཁྲིད་རྣམས་རྫོགས་པར་གྲུབ། ནང་འཁྲིད་དགོས་ཟེར་ནའང་དེ་སྐབས་མ་གྲུབ། དཔལ་མགོན་པོའི་ཡང་གསང་ཕྱི་ནང་འཁྲིད། །གཉན་ཁྲོ་བཅུ་འདྲ་ཅོག་བྱས་སོ་ཟེར། །ཆོས་རང་ལ་མེད་པའི་སྡུག་གནོང་གིས། །གཞན་ཆོས་སྤོང་ལས་ངན་མ་སོག་གཅིག །དེ་ནས་ཤར་རི་ཕུག་ཏུ་ཆོས་འཆད་ལ་ཡོང་དགོས་ཟེར་ཕྱིན་སྒྲུབ་སྡེ་རྣམས་ལ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་འཁྲིད་དང་བཅས་པ། ཞེན་པ་བཞི་བྲལ་གྱི་འཁྲིད་བྱས། གདོང་དགའ་བས་ཚེ་རིང་ལགས་ཆབ་ལ་ཕེབས་པའི་ལམ་ཁ་ནས་ཤར་ཕུག་ཏུ་ཕེབས། སྒྲོལ་དཀར་གྱི་རྗེས་གནང་དགོས་གསུང་ཕུལ། གནས་དེར་མཻ་ཏྲི་མཁའ་སྤྱོད་ཀྱི་མངོན་དཀྱིལ་དང༌། ཨིནྡྲ་མཁའ་སྤྱོད་ཀྱི་མངོན་དཀྱིལ་རྣམས་ཀྱང་དེ་དུས་བརྩམས་པ་ཡིན། གཟིམས་ཆུང་ཕུག་ན་གཏོར་མ་རྣམས་ཡོད་པས་མྱུ་གུ་སྔོན་པོ་མེ་ཏོག་སེ་ཆེམ་མེ་བ་གྲངས་མེད་པ་སྐྱེས་