R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༧༡
[A:༥༧༡]གཏོར་མ་དེ་རྣམས་མ་བསྡུས་པར་གཏོར་ཁ་གསོས་ལ་ཆབ་རེ་སྦྱོངས་ཤིག་བྱས་པས་ཡང་ཡང་མྱུ་གུ་ཐོན་གྱིན་འདུག་ཟེར། རྣལ་འབྱོར་རས་རྐྱང་པ་ལ་ཞེན་པ་བཞི་བྲལ་ལ་སྦྱར་བའི་མགུར་མ་དགོས་ཟེར། མགུར་ཚན་པ་གཉིས་བརྩམས། དེར་ཟླ་ཕྱེད་སྐོར་བསྡད། ཟངས་གཞོན་ནུ་འབར་གྱི་དབེན་གནས་མཆོག །དེ་འཕོས་པ་ཤར་རི་ཕུག་ཏུ་གྲགས། །རྗེ་བློ་གསལ་རྒྱ་མཚོའི་ཆོས་ཀྱི་ཁྲིར། །མི་ཁོས་ཀྱང་ཆོས་བཤད་ཡང་ཡང་བྱས། །དེ་ནས་ཐུབ་བསྟན་དགེ་འཕེལ་དུ་ཕྱིན། ཚོགས་པ་རྣམས་ལ་བདེ་མཆོག་ནག་པོ་པའི་དབང་དབང་ཚན་ལྔ་ཙམ་བྱས། བེག་གདོང་ལྕམ་དྲལ་གྱི་རྗེས་གནང་ཡང་དབང་ཚན་ཡང་ཁ་རེ་བྱས། གནས་ཐུབ་བསྟན་དགེ་འཕེལ་རི་བོའི་སྤོར། །རྗེ་ས་པཎ་བསྐྲུན་པའི་ཡུལ་གནས་དེར། །དཔལ་འཁོར་ལོ་བདེ་མཆོག་ནག་པོ་པའི། ། དབང་ཆུ་རྒྱུན་དྲི་མེད་ཡང་ཡང་སྤེལ། །དེ་ནས་ཆ་ལུང་དུ་སྒྲུབ་ཆེན་བདེ་ལེགས་དཔལ་འཛོམ་གྱིས་སྤྱན་དྲངས་ནས་ཕྱིན། ངེད་རང་གིས་རྗེ་བཙུན་གྲགས་པའི་སྒྲུབ་གནས་ཤིང་སྒོ་མར་བསྡད། ཆོས་འཆད་ས་ཚོམས་མ་གཡབས་གསར་བཅོས་ཤིག་འདུག །ལམ་འབྲས་ནི་མི་རྫོགས་སྤྲོས་མེད་དགོས་གསུང༌། ངེད་རང་གི་བརྒྱུད་པ་འདི་བརྒྱུད་པ་གཉིས་ལྡན་ཡིན་པས་ཐོག་མར་གཤེད་དམར་ལྷ་ལྔའི་དབང༌། དེ་ནས་འཁྲིད་བཙུགས། སྤྲོས་མེད་རྒྱུན་གྱི་བྱིན་རླབས་བྱས། བྱིན་རླབས་དེ་ཙམ་ངོར་ལུགས་ལའང་འདུག །དེ་ནས་ཐེག་ཆེན་པ་ནས་བརྒྱུད་པའི་རྣམ་རྟོག་འོད་གསལ་གྱི་བྱིན་རླབས་བྱས། དེ་ནས་སེམས་བསྐྱེད་པ་དྲུག་གི་འཁྲིད་