R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༧༢
[A:༥༧༢]དང་བདུད་རྩི་བྱིན་རླབས་བྱས། དེར་རྗེས་བར་ཆད་བསལ་བ་སོགས་འཁྲིད་རྫོགས་པར་བྱས། ཐེག་ཆེན་པས་མཛད་པའི་སྤྲོས་མེད་ཚིག་རྐང་གི་རྣམ་འགྲེལ་དང༌། རྗེ་ངོར་ནས་མཛད་པའི་སྤྲོས་མེད་མཛེས་རྒྱན་སོགས་ལུང་རྣམས་ཀྱང་ཆ་ཙམ་སོང༌། དེ་དུས་ཕྱག་ཆེན་རྩོད་སྤོང་གི་འགོ་ཐོར་ཙམ་ལ་པདྨ་དཀར་པོས་མཆན་བུ་གནང་འདུག་པའི་ཡང་ལན་སྤྱན་དབྱེ་བའི་ཆོ་ག་དེ་ཡང་དེ་དུས་བརྩམས་པ་ཡིན། རྗེ་གྲགས་པ་མཁའ་སྤྱོད་སྤྱན་འདྲེན་པའི། །ཤེལ་སྐས་རིངས་བཙུགས་པའི་པདྨའི་གདན། །རྗེ་བླ་མས་རྟ་མགྲིན་ཞལ་གཟིགས་པའི། །གནས་བཟང་པོ་རང་བྱུང་རྡོའི་ཕུག་པར། །རྗེ་རྣལ་འབྱོར་དབང་ཕྱུག་བི་རཱུའི་སྲོལ། །རང་ཅིག་ཅར་འཁྲིད་པའི་ལམ་གྱི་མཆོག །ཆོས་སྤྲོས་པ་མེད་པའི་གདམས་པ་བྱིན། །ཉམས་རྟོགས་པའི་རྫིང་བུ་ཁོལ་བར་ཤོག །དེ་ནས་སྟག་གི་ལོ་དེ་ལ་མིའི་དབང་པོ་དགྲ་འདུལ་དོན་གྲུབ་ཀྱིས་རྒྱུད་གནང་དགོས་གསུང་ནན་གྱིས་བསྐུལ། ཆོས་མཉན་པ་ཞབས་དྲུང་གཙོ་བོར་བཞུགས་པའི། ཆོས་རྗེ་གཙང་ཚུལ། རྒྱང་རབ་འབྱམས་པ་བྱམས་པ་རྒྱལ་མཚན། བྱང་རབ་འབྱམས་པ་ནམ་མཁའ་རྣམ་རྒྱལ། ལྷས་སྡིངས་རབ་འབྱམས་པ་མང་ཐོས་དགའ་བའི་བཤེས་གཉེན། གོང་དཀར་རབ་འབྱམས་པ་བྱམས་པ་སྙིང་པོ། གཅུང་རབ་འབྱམས་པ་དབོན་བྱམས་པ་རྒྱལ་མཚན། མཚོ་སྒོ་དགེ་སློང་པ། གྲང་ཆེན་པ་སུམ་ཅུ་སྐོར་ཡོད། དེ་རྣམས་ཀྱེ་རྡོར་མན་ངག་ལུགས་ཀྱིས་སྨིན་པ་ཡང་འདུག་ཀྱང་རང་གི་རྒྱུད་བཤད་ཐོག་མ་ཡིན་པས་མན་ངག་ལུགས་ཀྱི་དབང་ཡང་བྱས། རང་རེ་ས་ལུགས་ཀྱི་རྒྱུད་བཤད་འདི་མན་ངག་ལུགས་