[A:༥༧༦] །གནས་མཐོན་པོར་སྤོར་དང་སྐུ་ཚེ་ལྷན། །ཐུགས་བསམ་དོན་འགྲུབ་པའི་སྨོན་ལམ་བཏབ། །དེ་ནས་ངེད་མང་མཁར་རྨུ་ན་ཡོད་ཙ་ན་ཞབས་དྲུང་ཆེན་མོ་སྐུ་བསྙེལ་དུ་སོང་ནས་འབོད་མི་གཅིག་འཐུད་གཉིས་འཐུད་ཤིང་མངས་ནས་བྱུང༌། གང་མགྱོགས་འགྲོ་བའི་ལུགས་བྱས་ཀྱང་རྟ་མཆོག་ཁོ་འགྲོ་འཐད་པོ་མི་འདུག་པས་རྣམ་རྟོག་ཆེ་བ་ཙམ་བྱུང༌། ཆོས་རྗེ་དཔལ་བཟང་པོ་གཅིག་པོ་ཁྲིད་ནས་ནང་དུ་ཕྱིན་བྱིན་རླབས་བཀའ་བསྒོ་འདྲ་བྱས་པས་ཐུགས་རིག་དངས་སུ་སོང་ཞག་གསུམ་བསྡད། ཚེ་བཀའ་རྗེས་གནང་སོགས་དུ་མ་བྱས་པས་དངས་སྐྱེད་ཆེན་པོ་བྱུང་ནས་འདར་རྩེར་ཕེབས་ཐུབ། འདར་མི་དབང་ཆོས་སྐྱོང་ལྷུན་གྲུབ་ཀྱིས། །ཐུགས་དད་འདུན་སྐྱ་རེངས་ཀྱིས་དྲངས་པས། །རྨོངས་མུན་རུམ་སེལ་བའི་ཉིན་བྱེད་ཤར། །རྩི་བཞད་པའི་པད་དཀར་ཚལ་རྣམས་བཞད། །རང་ལ་ནུས་པ་ཆེར་མེད་ཀྱང་ཕ་རོལ་པོ་དེས་ཐུན་མོང་མིན་པར་བློ་གཏད་ན་འབྲས་བུ་ཅུང་ཟད་མཐོང་བར་ངེས་ཏེ། རང་ཅག་གི་ཚ་མོ་ཞིག་དྲོད་ཤོད་ན་མི་ཆོས་ལ་ཡོད་པ་དེས་ནུབ་ཅིག་འཁྲུལ་སྣང་ལ་རང་གི་གཏན་གྲོགས་ཀྱི་མས་དྲག་ཏུ་ལབས་པས་ཐོན་འགྲོ་སྙམ་པའི་སྣང་བ་ཤར། སྒོར་ཐོན་ཙམ་ན་མི་ཞིག་གིས་སྐེ་ནས་ཁྲིད་འགྲོ་བའི་སྣང་བ་ཤར། གཞན་ནུས་པ་མ་བྱུང་ཨ་ཁུ་ཆོས་རྗེ་མཁྱེན་ཟེར་བ་ཞིག་ཐོན། ལྷ་འདྲེ་རྒན་རྒོན་གཉིས་ཀྱི་སར་སླེབ་ཞག་བཞི་ཙམ་བསྡད། ཁྱོད་རང་སོང་བཙུན་པ་གཅིག་གིས་མིག་ངན་ལྟ་བ་སོགས་མི་འདོད་པ་སྣ་ཚོགས་བྱེད་ཀྱིན་འདུག་ཟེར། དེ་སྔ་འགྲོ་འདོད་ཀྱང་འགྲོ་མི་ཐུབ་འཚོལ་མཁན་བྱུང་ཚེ་རང་གིས་འཚོལ་མཁན་མཐོང་