[A:༥༧༧]ཀྱང་འཚོལ་མཁན་གྱིས་རང་མི་མཐོང༌། དེ་རྗེས་རྟ་པ་ཞིག་བྱུང་བས་ཕན་ཚུན་གཉིས་ཅར་གྱིས་མཐོང༌། རང་ཡུལ་དུ་སླེབ་ཟེར། དེ་ཡང་མོ་རང་གིས་ཨ་ཁུ་ཆོས་རྗེ་མཁྱེན་ཟེར་བའི་ཚིག་ཐོན་པ་དེའི་ནུས་པ་ཡིན་པ་འདུག་ཟེར། རང་གཞན་སྐྱོབས་ཀྱི་དྲི་བཞོན་དལ་ན་ཡང༌། །གཞན་དད་མོས་ཀྱི་རླུང་ཟེར་སིར་ཙམ་གྱིས། །ས་ཐག་རིང་གི་ཉེ་དུ་གདོན་ལས་སྐྱབས། །ཆོས་རྟེན་འབྲེལ་གྱི་གནད་འདི་ངོ་མཚར་ཆེ། །དེ་ནས་གཅུང་ཅ་ལམ་དུ་རང་གི་ཕ་སྤུན་ཚ་བོ་གསེར་དཔོན་སྐྱེ་མ་འབྲུམ་པ་ལ་བརྟེན་ནས་ཚེས་མ་ཟིན་ཟེར་གཅུང་ལ་ཕྱིན། ཆོས་གླིང་པ་རྣམས་ཀྱིས་ཀུན་རིག་གི་ཆོག་གྲ་བཙུགས། རང་གི་དགྱེས་མཛད་ཀྱི་དུས་མཐའི་ཆོ་ག་བྱས། མིང་བྱང་བསྒྲལ། ཁོང་མི་ངོ་རྣམས་ལ་ཚེ་དབང་རྗེས་གནང་སོགས་དུ་མ་བྱས། དེ་དུས་ཆོས་རྗེ་འབུམ་པ་དཔལ་འབྱོར་ཤེས་རབ་ཀྱང་བཞུགས་འདུག་པས་སྔར་བྱ་གཤོངས་སུ་འདྲིས་སྟབས་ཀྱིས་དད་མོས་དགའ་བ་ཆེན་པོ་མཛད། སྔར་ལམ་འབྲས་ཐོབ་ཕར་ཡང་ཅུང་ཟད་བཤད་ད་སྒྲུབ་པ་ལུང་སྦྱིན། བརྡ་ཆིག་བརྒྱུད། གསང་བཅུའི་རྒྱས་འདེབས་སོགས་ཆ་ལག་མང་པོ་མ་ཐོབ། རྗེ་ཞི་དགོན་པ་ལ་ཞུས་པས་ཁྱེད་དང་ངེད་བླ་མ་མི་གཅིག་མི་ཡོང་གསུང༌། ད་ཁྱེད་ཀྱིས་མཛད་ན་ཨེ་ཡོང་ཟེར། སྤྱིར་བླ་མ་གཅིག་ལ་ཀ་ཡོངས་སུ་རྫོགས་པ་དགའ་དེ་མ་བྱུང་ན་བླ་མ་གཅིག་མི་གཅིག་གི་རྩེག་འགྲམ་ཆེན་པོ་ནི་མི་དགོས་པ་འདྲ་ཞུས། དེ་ནས་འབུམ་པས་རྒྱུ་དབང༌། ལམ་དབང༌། ལམ་ཟབ། མགོན་རྐྱང༌། བརྡ་ཆིག་བརྒྱུད། སྒྲུབ་པ་ལུང་སྦྱིན་