[A:༥༧༨]སོགས་ཞུས། མིག་ཆུ་འཛག་པའི་དད་ཤུགས་ཆེན་པོ་མཛད་ཀྱིན་འདུག །ཨེ་དང་ཁྲི་མཁར་རྣམས་སུ་ཡང་ཕྱིན། ཚེ་བཀའ་རྗེས་གནང་སོགས་མང་དུ་བྱས། ཁྲི་མཁར་དུ་ཆོས་རྗེ་ས་འབོག་པའི་དྲུང་ཡང་འདུག་ཁོང་གིས་ཀྱང་མཁན་ཆེན་འབུམ་པ་ལ་ལམ་འབྲས་ཐོབ་ཀྱང་སྒྲུབ་པ་ལུང་སྦྱིན་སོགས་ཆ་ལག་རྣམས་མ་ཐོབ། རྗེ་དབོན་མཆོག་གྲུབ་སོགས་ཀྱིས་ཆེད་གཏད་ཞུས་ཀྱང་ང་ལ་ཡང་བླ་མ་བསོད་ནམས་རྩེ་མོས་འདི་ལས་མ་བྱུང་འདིས་ཡོང་གསུངས་ནས་ལུང་གཅིག་ལས་མ་བྱུང་ད་ཁྱེད་ཀྱིས་མཛད་ན་ཨེ་ཡོང་ཟེར། ལམ་འབྲས་འཆད་ན་མེད་ཐབས་མི་འདུག་པས་ཅིས་ཀྱང་བྱེད་བྱས་རྫོགས་པར་ཕུལ། ཆོས་གསང་སྔགས་རྡོ་རྗེ་ཐེག་པ་ནི། །དར་ཆེས་པའི་ཚེ་ན་ནུབ་བོ་ཞེས། །ཁོང་རྒན་པོས་ལུང་བསྟན་དེ་ཙམ་ཉེ། །ཐུགས་དཔྱོད་ལྡན་མཛོད་ཅིག་ཆེ་བཙུན་རྣམས། །དེ་ནས་རང་གི་ཆོས་གླིང་གྲྭ་ཚང་དུ་ཤོག་ཟེར་ཉིན་ཁོར་ཞིག་ལ་ཕྱིན། གྲྭ་པ་རྣམས་ཀྱི་སེར་སྦྲེང་སྒྲ་རོལ་ཆ་སོགས་ཀྱིས་བསུས་རང་གིས་མང་སྐོལ་བྱས། གྲྭ་པ་སོ་སོས་ཇ་ལྟིར་རྒྱུགས་ཉི་ཤུ་ཙམ་སྤྱི་སོ་སོ་ནས་འབུལ་བ་རྣམ་གྲངས་མང་པོ་བྱུང༌། ཁྱད་པར་ལེགས་བཟང་གི་རྒྱས་སྐུ་ཤིན་ཏུ་ལེགས་པ་ཞིག་ཕུལ། བྱམས་པའི་སྐུ་ཤིན་ཏུ་ཆེ་བ་ཞིག་བསླུས་འདུག་པས་རབ་གནས་བཀྲ་ཤིས་མངའ་གསོལ་རྒྱས་པར་བྱས། རང་ལྕང་ལོའི་ཟུར་ཕུད་མཆོད་པའི་གནས། །ཆོས་འཁོར་ལོ་བསྐོར་བའི་བསྟི་གནས་དེར། །སྔོན་དཀར་བའི་བག་ཆགས་སླར་ཡང་སད། །ཆོས་ལེགས་བཤད་ས་བོན་སར་འདེབས་བྱས། །དེ་ནས་ཅ་ལམ་དུ་ཡོངས། ཨེ་ཁང་གསར་མདར་ཡང་ཚེ་དབང་ཞིག་ལ་ཕྱིན་