R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༧༩
[A:༥༧༩]ཐང་སྐུའི་རས་གཞི་ལ་མེད་ཐབས་མེད་པའི་རས་སྒོང་ཤུན་ཟེར་བ་ཡུག་གཅིག་ཕུལ། མི་གཅེས་པ་སྐྱེ་མ་འོད་འཚོ་དེ། །ཚེ་དུས་བབས་དབང་གིས་མཐོ་རིས་སོང༌། །ངེད་བླ་མ་རྣམས་ལ་ར་མདའ་བོས། །ལམ་འཁྲུལ་པ་མེད་ལ་ལམ་སྟོན་བྱས། །མཐོ་ཐར་པའི་སྟེགས་བུར་སླེབ་བོ་སྙམ། །དེ་ནས་ཤར་ལམ་དང་ལྡན་ཚེ་འཕེལ་དྲུང་གི་གྲོ་ལུང་དུ་ཤོག་ཟེར་ཕྱིན་ཐུགས་ཤིན་ཏུ་དགྱེས་པས་ཞག་གཅིག་བསྡད། ཚེ་བཀའ་སོགས་ཕུལ་མདོ་སྤེ་ཆོས་སྡེར་རྗེ་དཔོན་ནམ་མཁའ་དྲུང་ལ་གསོན་བྱང་དགོས་ཟེར། ས་སྐྱ་པ་ཕལ་ཆེར་དེ་མི་རུང་ཟེར་ནའང་སྤྱིར་བཏང་དམིགས་བསལ་གྱི་གནད་ཤེས་དགོས། གསོན་པོའི་རྣམ་ཤེས་བཀུག་ནས་གནོད་པ་བྱས་ཚེ་གནོད་ནུས་ན་གསོན་པོའི་རྣམ་ཤེས་བཀུག་ནས་སྡིག་པ་སྦྱངས་ན་ཅིའི་ཕྱིར་མི་ཕན་སྙམ་ནས་བྱས། དེ་ནས་རང་གི་སྦྱིན་བདག་རྙིང་མ་བྱ་མཆུར་ཤར་ལམ་ཤོག་གསུང་ཕྱིན། ཁོང་རྣམས་ལ་རྟོག་བཅས་ཀྱི་སྒོ་ཁྱི་གསའ་ཡིས་བསད་པ་དང༌། སྲས་ཆུང་བ་ལེགས་པ་ཟེར་བ་དེ་ལ་ཟུང་འཛུགས་ཀྱི་ར་ཕོ་རྭ་བཞི་པ་ཞིག་ཡོད་པ་དེས་གཏམ་ཡང་ཅུང་ཟད་ལབས་པ་ཡིན་ནམ་ཟེར། གང་ནའང་རྟོག་བཅས་ཤིན་ཏུ་ཆེ་བ་འདུག་པས་ཞག་འགའ་རེ་སྡོད་དགོས་ཟེར་ནན་ཆགས་བྱེད་ཀྱིན་འདུག །སྲས་ཆུང་བ་དེ་ཡང་སེམས་ལ་སྐྱོ་སྣང་ཆེན་པོ་བྱས་ཡ་ང་མོ་འདུག །ཤུག་ཁྲོད་ནས་གྲྭ་པ་འཕྲད་མཁན་མང་པོ་ཡང་བྱུང༌། ཆོས་རྗེ་བླ་མ་ཐུགས་རྗེ་རྣམ་རྒྱལ་ཡང་སྤྱན་གསལ་པོ་མེད་ཀྱང་མཇལ་དུ་བྱུང༌། དམག་ཟོར་ཉེ་བརྒྱུད་ཀྱི་རྗེས་གནང་དགོས་གསུང་དེ་གའི་དཀྱིལ་འཁོར་