[A:༥༨༠]གཏོར་མ་མཆོད་པ་རྣམས་བཤམས། བདག་མདུན་སྒྲུབ་པ་བྱས་ཆོས་རྗེའི་དྲུང་དེ་ནུབ་སྐུ་ཁམས་བསྙེལ་དུ་སོང༌། དེ་ནུབ་ཕེབས་མ་ཐུབ། དེ་ནས་ཅུང་ཟད་ནས་འགལ་རྐྱེན་ཅི་ཡང་མེད་བཞིན་དུ་དམག་ཟོར་གཏོར་མ་དེ་མཉྫིའི་སྟེང་ནས་ས་ལ་བྲུལ་བྱུང༌། ཁོང་ཡོན་བདག་གང་རུང་ཞིག་ལ་མི་དགའ་བའི་ལྟས་ཡིན་པ་འདུག་སྙམ། བསྐང་གསོ། གཏོར་སྒྲུབ་སྲུང་འཁོར་སོགས་ཆེད་གཏད་བྱས། ཞག་གསུམ་བསྡད་སྲས་དེ་ཡར་སྐྱེད་ཆེན་པོ་བྱུང༌། ཆོས་རྗེ་བླ་མའི་དྲུང་ཕྱིས་སྤྱན་གསལ་པོ་མ་བྱུང་ཟེར། ལྟས་ངན་པའི་ཆོ་འཕྲུལ་མང་ན་ཡང༌། །ཁོང་མི་ཕྱེད་དད་པའི་ལྷག་བསམ་དང༌། །ངེད་སྲུང་མའི་མཐུ་སྟོབས་རྟེན་འབྲེལ་འཛོམ། །དུས་སྐད་ཅིག་གློག་བཞིན་ཡལ་ནས་སོང༌། །དེ་ནས་རིམས་པས་འདར་དུ་སླེབ་དེ་ནས་སྟག་ལོ་ཕུའི་ཆུ་ཚན་ལ་འགྲོ་བའི་ཡར་རེས་ཤིག་སྐྱིད་གཤོངས་དོན་གྲུབ་པ་ལ་དགོན་པ་སེང་རྫོང་ཕྱོགས་འདི་རུ་ངེད་ཐུགས་དམ་བྱེད་པའི་ཁང་ཆུང་ཞིག་བཟོས་ན་ཨེ་ཁྱབ་ཟེར་བ་བཞད་གད་ལ་བྱས་པས་དོན་གྲུབ་པས་དེ་དགོངས་པར་ཡོད་ན་ཞུས་པས་ཆོག་ཟེར། ཡུམ་བྱང་སེམས་ཨ་མཛེས་ལ་ཞུས་པས་དགོངས་པ་ལ་ཡོད་ན་ལོས་བྱེད། རྣལ་འབྱོར་པ་ཞིག་བཞུགས་ཀྱིན་ཡོད་པས་དེ་ལ་ནི་བཞུགས་གནས་གཞན་ཞིག་བྱིན་པས་ཆོག །བཙུན་མ་འདྲ་ཡོད་དེ་ཞིང་ལའུ་འདྲ་གཞན་དུ་བྱིན་པས་ཆོག་གསུང་ངོ་ཟེར། དེ་ནས་རྣལ་འབྱོར་པ་དེ་ཡང་སྐུ་གཤེགས་བྱུང༌། དེ་འདར་ཁང་གསར་བ་ཚང་ཡིན་པས་ཁང་གསར་བཟོ་རིགས་བཀྲ་ཤིས་པས་ཀྱང་སེང་རྫོང་བཞུགས་གནས་ལ་འབུལ་ཟེར་བྱུང༌། བྱང་