[A:༥༨༡]སེམས་ཨ་མཛེས་དྲུང་གིས་ཕུལ་བ་དེ་བཞེས་པའི་ལུགས་མཛོད་ཅིག་གསུང༌། ཐུགས་དཀར་བའི་སྦྱིན་བདག་ཞལ་ངོ་རྣམས་བཀའ་བགྲོས། ཆ་ཞབས་ལ་དགེ་བསྐུལ་ལས་མི་བསྐུལ་བདའ་མཛད་པའི་འགོ་ཚུགས་བྱང་སེམས་ཨ་མཛེས་དྲུང་གིས་གཟིམས་ཁང་ལ་སྒོ་ཉི་ཤུ་བྱས་པ་ཞིག་དགེས་པ་འདུག་གོ །སྒོ་རྣམས་ངས་འབུལ་ལོ་དེ་ལུགས་མཛོད་གསུངས། དེ་དུས་རང་གི་བསམ་ཚོད་སྒོ་ཉི་ཤུ་བྱས་པའི་ཁང་པས་དོན་མི་འདུག་སྙམ་པ་བྱུང་སྟེ། འཇིག་རྟེན་གཞུང་ལུགས་ལ་མཁས་པའི་དཔྱོད་ལྡན་དམ་པའི་གསུང་ཕྱིས་ཐོག་ཏུ་ཁེལ་བྱུང༌། མ་མཁའ་འགྲོ་བཞི་ཡིས་བྱིན་བརླབས་པའི། །ཡུམ་ཆོས་ལྡན་མི་ཡི་དབང་མོ་ཡི། །ཐུགས་དཀར་བའི་ཞལ་བཀོད་ཐོག་ཏུ་བབས། །ངོ་མཚར་བའི་རྟེན་འབྲེལ་འགྲིག་པར་ངེས། །དེ་ནས་དུས་བཟང་པོ་བ་སནྟའི་ཟླ་བ་བཞི་པ་བདག་ཅག་གི་སྟོན་པས་དུས་བཟང་པོ་གསུམ་གྱིས་བྱིན་གྱིས་བརླབས་པ་དཀར་ཕྱོགས་རྫོགས་པ་ལྔ་པ་ལ་ཕྱི་ནང་གི་མཁའ་འགྲོ་སྲུང་མ་ལ་གཏོར་འབུལ། འཕྲིན་བཅོལ་སྨོན་ལམ་བཀྲ་ཤིས་རྒྱས་པར་བྱས། ཟླ་བ་དེ་གའི་དཀར་ཕྱོགས་བཟང་པོ་གསུམ་པའི་ཚེས་ལ་འདར་རྣམ་རྒྱལ་སྟག་རྩེའི་དྲུང་འཁོར་ཞོ་ཤས་འཚོ་བ་རྣམས་ཀྱི་དད་བླངས་ཀྱིས་རྩིག་མལ་གཞི་བཏིང༌། ཞབས་དྲུང་ཨ་མཛེས་རྒྱལ་མོས་སྐབས་ཆང༌། སྤྲུལ་སྐུ་ལེགས་བཤད་འཁོར་བཅས་དང༌། སྤྲུལ་སྐུ་ནོར་བུ་སྤུན་གཉིས་ཀྱིས་རྩིག་གྱང་གི་བཟོ་དང༌། ཤིང་རྐོས་ཤིང་བསྒྲིགས་སོགས་ངེད་རང་སྤུན་གཉིས་ཀྱི་ཕྱགས་ཕྱི་བསྒྲུབས་གཞན་མི་དགོས་ཟེར་ཉིན་མཚན་