R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༨༣
[A:༥༨༣]སྐབས་ཆང་དང༌། རྣ་འུ་བས་སྐབས་ཆང་དང་གདུང་གཅིག །དར་རྒྱས་གླིང་ལས་མི་ལ་གྲ་ཚང་རང་ནས་སྐབས་ཆང༌། ཟུར་ཁང་དགེ་སློང་པས་གདུང་གཅིག །རུ་བྱང་པས་གཞུ་རིང་གསུམ། གཟིམ་ལགས་ཀྱི་རྒྱུག་རྩ་བཅུ། དགོན་ཕུག་ནས་རྒྱུག་བཅུ། སྔོན་མོ་རྫོང་པས་རྒྱུག་བཅུ། ཁབ་གོང་པས་རྒྱུག་བཞི། ཆ་ལུང་སྒྲུབ་ཆེན་མས་བཟོ་རིགས་ལས་འགོ་དང་བཅས་པ་ལ་སྟོན་མོ། །བླ་བྲང་རང་ནས་བཟོ་རིགས་ལས་འགོ་དང་བཅས་པ་ལ་སྟོན་མོ་ཁ་རེ་སོང༌། མ་ཆེན་འགྲོ་བས་བཟོ་རིགས་ལས་འགོ་བ་དང་བཅས་པ་ལ་སྐོལ་ཇ་ཉག་བདུན། དེ་རྣམས་ཀྱི་ལས་བྱེད་ཀྱི་འགོ་མ་ཞལ་ངོ་རྣམས་ཀྱི་བཀས་ཁྱབ་པ་དང༌། རང་གིས་ཀྱང་བཅོལ་གདམས་བྱས། གྲྭ་པ་རྣམས་ལ་ཉི་མ་བློ་གསལ་དང༌། དཔལ་ལྡན་ཚུལ་ཁྲིམས་གཉིས་ཀྱི་འགོ་མི་དང་ཁོང་གཉིས་ལ་བླ་བྲང་ནས་ཤིང་ཆ་ཉོ་བའི་དོ་དམ་ཡང་བཅོལ། མི་སྐྱ་རྣམས་ལ་གཟིམས་དཔོན་ཀུན་དགའ་ཞེས་པ་དེས་འགོ་མ་བྱས། ཟླ་གསུམ་ཞག་པོ་བཅུའི་རིང་ལ་ཁང་པ་འགྲམ་བཏིང་ནས་ཐོག་ཕུབས། སྤོས་ཞལ་དང་བཅས་པ། གཟིམས་ཆུང་ཀ་བཞི་མ། རབ་གསལ་ཀ་བཞི་མ། དབང་ཁང་ཀ་བཞི་མ། གཟིམས་ཆུང་འཕྲལ་དགོས་གདུང་ཁང་མ། གཡབས་ཤར་ནུབ། ཤག་མིག་ཐ་དད། ལྷོ་ན་ཤག་མིག་དེ་རྣམས་ཐ་དད་ལ་ཀུན་སྤྱོད་དང་བཅས་པ། ཇ་ཁང་ཀ་གཉིས་མ་ཤིང་མཛོད་དང་བཅས་པ། ཕུག་ན་གཉེར་ཁང་ཀ་གཉིས་མ་ཤག་མིག་དང་བཅས་པ། ཡང་ཤར་ནུབ་གཉིས་ན་ཤག་གཉིས། གུང་ན་མེ་ཏོག་ལྡུམ་ར། དེའི་མཐའ་རྡོ་བཅལ་