[A:༤༡༢]འཁྲུལ། །ཞེས་པའི་གཞུང་འདིའི་རྩོད་པ་བཞི་ངོས་འཛིན་དང༌། གཞན་ལན་འཁྲུལ་ཚུལ་དང༌། རང་ལན་འདེབས་པ་ཇི་ལྟར་བྱེད་ཅེས་པའི་དྲི་བ་ལེགས་པོ་ཞིག་བསྐུར་བྱུང་བས། ཁོ་བོས་ཀྱང་སྙན་ངག་བློ་ལ་གང་ཤར་དང་དྲི་ལན་བློ་ནུས་གང་ཡོད་བྱས་བསྐུར་བས་སྤེ་གསར་བ་ཤིན་ཏུ་མགུ་ནས་ཁྱེད་ཀྱི་འདི་ལེགས་བཤད་རང་དུ་འདུག་ཅིང༌། སྔར་རང་གི་གསུང་སོ་སོ་ལ་ཅུང་ཟད་འགལ་འདུ་འདུག་སྙམ་པའི་གནད་འགག་མ་གོ་བའི་དོགས་པ་མང་པོ་ལ། མ་གོ་བ་བརྒྱ་རྩ་ཟེར་བའི་བསྟན་བཅོས་ཆུང་ཆུང་མང་དག་བརྩམས་ཡོད་པ་ལ་ཡང༌། ཁྱེད་ཀྱི་དེ་མ་གོ་བ་བརྒྱ་རྩ་རུ་མི་འདུག །ལེགས་བཤད་བརྒྱ་རྩ་རང་དུ་འདུག་གོ་ཟེར་བྱུང༌། དེ་ནས་ཁོ་བོས་ཀྱང༌། རང་གིས་མི་ཤེས་འདྲི་ན་ཧ་ཅང་ཐལ། །རང་གི་ཤེས་བཞིན་འདྲི་ན་གཞན་ལ་བརྙས། །ཐེ་ཚོམ་ཉེ་བར་ཞི་བའི་ལོག་རྟོག་འགའ། །བློ་གསལ་ཁྱོད་ལ་འདྲི་ཡི་ལན་སྨོས་ཤིག །ཅེས་སོགས་དྲི་བ་མང་པོ་བྱས། དེ་ནས་བཟུང་སྟེ་རྩམ་རྩོམ་ལ་ཤིན་ཏུ་འཇུག་པ་དང༌། རྩོད་པ་ཡང་གཞན་ལ་ཁྱད་གསོད་དང༌། སུན་འབྱིན་གྱི་སྤོབས་པ་ཧ་ཅང་མཐོ་བ་མེད་ཀྱང་འཇིགས་པ་དང་ཞུམ་པ་མི་དགོས་པར་རང་གཞན་གྲུབ་མཐའི་གནད་ཁོང་དུ་ཆུད་པས། རང་གི་ཁས་བླངས་ཚུགས་ཐུབ་པ་དང༌། གཞན་གྱི་ཁས་བླངས་འགོག་པའི་གནད་ཕྱིན་ཅི་མ་ལོག་པར་ཟིན་པས། རྩོད་ཟླ་ཐུགས་གཟུ་བོར་གནས་པ་རྣམས་ཀྱང་ཁྱེད་དང་བགྲོ་གླེང་བྱས་པས་བློ་སྐྱེད་མི་ཡོང་བ་མི་སྲིད་པ་འདུག་ཟེར་བ་ཁོ་ན་བྱུང༌། དེ་དུས་ཆོས་འཆད་འདོད་ཀྱི་བསམ་པ་ཡེ་མེད་པར་གསུང་རབ་ཀྱི་དོན་ལ་ཐོས་བསམ་གྱི་གོ་བ་ཕྱིན་ཅི་མ་ལོག་པ་ཆགས་ཕྱིན། རང་གི་ཁུ་བོ་རྣམས་ཀྱང་བཀའ་བརྒྱུད་ཀྱི་ཉམས་ལེན་པ་ཁོ་ན་ཡིན་པས། འཆི་བ་ལ་འཚེར་མེད་ཀྱི་བཀའ་བརྒྱུད་ཀྱི་གྲར་ཞུགས་པའི་སྒོམ་རྣམ་དག་ཅིག་བྱེད་སྙམ་པ་དེ་ག་རྒྱུན་ཆགས་