[A:༤༡༣]ལ་ཡོད། འོན་ཀྱང་རང་གཞོན་ནུ་ནས་ས་པཎྜི་ཏའི་མཚན་ཐོས་པ་ཙམ་གྱིས་བ་སྤུ་གཡོ་བའི་དགའ་སྤྲོ་བྱུང་བ་དང། སློབ་གཉེར་གྱི་ཚེ་ཡང་ཐོ་རངས་སྔ་མོ་ནས་བཤར་སྦྱངས་བྱས། ནམ་ལངས་ལ་ཁད་ལ་གཉིད་ཅུང་ཟད་ལོག་པ་ན་ཡང་རྨི་ལམ་རང་ཟིན་ལ་འབྱུང་ཞིང༌། རྨི་ལམ་དྲན་པ་གསུམ་གྱི་ནང་ཚན་བླ་མ་དྲན་པའི་ཐོག་མར་ས་པཎ་ཆེན་དྲན་པ་འབྱུང་ཞིང༌། ཤར་མངོན་དགར་ས་པཎ་མཇལ་བ་ལ་འགྲོ་སྙམ་པའི་ཡུལ་སྣང་འཆར་བ་ཞིག་རྒྱུན་ཆགས་ལ་ཡོང་གིན་ཡོད་པས། བྱ་གཤོངས་ལ་ཡོང་གོང་ཆོས་རྒྱལ་མ་དང༌། སྒྲོལ་མ་སྟོན་ཞིང་གྲོགས་མེད་པ་དང༌། གྲོགས་བཅས་ཀྱི་སྒོ་ནས་སློབ་གཉེར་ཤ་སྟག་བྱེད་པ་དང༌། སྒོམ་ཤ་སྟག་བྱེད་པ་གང་དགའ་ཞེས་བརྟག་པ་ལན་གསུམ་ཙམ་བྱས་འདུག་ཀྱང༌། སློབ་གཉེར་ཁོ་ན་བཟང་བའི་ལུང་བསྟན་བྱུང་འདུག་གོ །འཆད་རྩོད་རྩོམ་ལ་བློ་གྲོས་མི་ཞན་ཀྱང༌། །མི་རྟག་འཆི་བ་དྲན་པས་རྒྱུད་བསྐུལ་ནས། དབེན་པའི་རི་ཁྲོད་འགྲིམ་པར་ཤ་ཆགས་ཀྱང༌། །ཐོས་བསམ་ཆོས་གྲར་འཁོར་འདི་མཁའ་འགྲོའི་ལུང༌། །རང་ལོ་ཉེར་དྲུག་པ་སྦྲེལ་ལོ་ངེད་དཔོན་སློབ་གཉིས་ཆར་གྱིས་རི་ཁྲོད་ཆེན་པོ་ཇོ་ནང་དུ་འཇམ་མགོན་ཀུན་དགའ་གྲོལ་མཆོག་དྲུང་དུ་བཀའ་ཆོས་ཞུ་བར་ཕེབས་པ་ཐོ་རངས་གནས་ཚང་ན་ཡོང་བའི་ཚེ་མི་མང་པོ་ངུ་ཚི་ཐེག་པ་འདུག །མི་གཅེས་ཤི་བ་ཡིན་སྙམ་སེམས་སྐྱོ་བ་ཞིག་བྱུང༌། ཇོ་ནང་པ་རང་གི་ཆོས་ལུགས་སྦྱོར་དྲུག་ཉམས་འུར་གྱི་ལུགས་དེ་ཡིན་ཟེར་བར་འདུག །དེ་ནས་སྨིན་དྲུག་ཟླ་བའི་ཡར་ངོའི་ཚེས་བརྒྱད་ལ་རྗེ་བཙུན་དམ་པས་དབང་བརྒྱའི་གཙོ་བོ་འཁོར་ལོ་བདེ་མཆོག་ནག་པོ་ལུགས་ཀྱི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་ཐོག་མ་ཐོབ། གསང་མཚན་གྱི་ཚེ་ལ་ལཱི་ཏ་བཛྲ་སྟེ་རོལ་པའི་རྡོ་རྗེ་ཞེས་བྱ་བའི་འདི་ས་པཎྜིཏའི་ཡང་གསང་མཚན་ཡིན་ནོ་གསུངས་