[A:༥༨༥]ལགས། དགེ་སློང་བྱམས་ཆོས་པ། དགེ་སློང་རྗེ་བཙུན། དགེ་སློང་ཆོས་དབང་ལེགས་པ། ཆོས་མཛད་ཆོས་འཕེལ་སོགས་བཅུ་སྐོར་ལ་ནི་གུ་དགོས་གསུང༌། ནི་གུའི་སྨིན་བྱེད་རྒྱུད་སྡེ་ལྔའི་གཙོ་བསྡུས་ཀྱི་དབང༌། བདེ་མཆོག་ལྷ་ལྔའི་དབང༌། ཆོས་དྲུག་གཞུང་ཤིང་གི་བཀའ་དབང་བརྒྱད་སོགས། རྗེ་དམ་པ་ལས་ཐོབ་པའི་བྱིན་རླབས་ཉེར་ལྔ། གཞན་ཡང་ཕྱག་རྡོར་ཛ་ལི་མ། རྣམ་འཇོམས་སོགས་རྗེ་དཔལ་འབར་རྒྱལ་མཚན་ལ་ཐོབ་པའི་བྱིན་རླབས་སོགས་སུམ་ཅུ་སྐོར་དང༌། མདོར་ན་རྩ་བ་ཕྱག་རྒྱ་ཆེན་པོ། སྡོང་པོ་ནི་གུ་ཆོས་དྲུག །ཡལ་ག་འཆི་མེད་འཕྱུག་མེད། ལོ་འདབ་ལམ་ཁྱེར་རྣམ་གསུམ། འབྲས་བུ་མཁའ་སྤྱོད་དཀར་དམར་སོགས་དང༌། དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་གའུ་མ་དང༌། ཆོས་དྲུག་ལ་ཉམས་འཁྲིད་དང༌། གཞན་རྣམས་ལ་ལུང་ཙམ་དང༌། འཁྲིད་ཡིག་འཇག་བསམ་གཉིས་ཀྱི་འཁྲིད་ཀྱི་སྟེང་ནས་བཤད་བླ་མ་བརྒྱུད་པའི་རྣམ་ཐར་གྱི་ལུང་སོགས། རང་གིས་གང་ཐོབ་ཀྱི་ལུང་རྣམས་ཀྱང་བྱས། རྩེ་ཞལ་ངོ་རྣམས་ཀྱིས་ཚོགས་འཁོར། ཆོས་པ་རྣམས་ལ་མང་ཇ་སོགས་ཐེར་ཆགས་སུ་རྒྱུན་མི་འཆད་པ་གནང་གིན་འདུག །ཆོས་རྗེ་བྱམས་ཆོས་པས་ཟིན་བྲིས་ཀྱང་མང་པོ་བྱས་པར་འདུག །རང་གིས་ནི་གུའི་བརྒྱུད་འདེབས་དེ་ཡང་དེ་དུས་བྱས་པ་ཡིན། སེམས་ཉིང་འཁྲུལ་རྨི་ལམ་འཁྲུལ་པའི་གྲོང༌། །དུས་ལན་ཅིག་འཁྱམས་པས་འདོད་པའི་དོན། །ཡིད་ཅི་བསམ་ནོར་བུའི་གཏེར་རྙེད་པ། །སྙིང་པདྨ་བཞད་པའི་དགའ་སྟོན་ཡིན། །ཐུགས་དད་ལྡན་ཡུམ་སྲས་མཆིད་སོགས་