[A:༥༩༠]རྣལ་འབྱོར་གསལ་འདེབས་ཞུས། །རྫས་དགྲ་གཉེར་བར་མའི་ཞེན་པ་སྤངས། །ཕྱི་ལུས་དངོས་ཕོངས་མེད་མཆོད་པར་འབུལ། །དབང་བཞི་ལྡན་སྐུ་བཞིའི་དངོས་གྲུབ་སྩོལ། །དེ་ནས་གུར་ལ་བརྒལ་ཏེ་བར་ཀར་བསྡད། སང་ཉིན་ཆུ་རབ་མེད་ལ་གྲུས་བསྒྲལ་ཏེ་འདར་སྐྱིད་ཕུག་ཏུ་སླེབ། སང་ཉིན་བར་འདར་ཆབ་སྲིད་ཀྱི་རྟ་ཐོགས་ཀྱིས་འཁོར་གྱིས་སྐོར་བའི་ཞལ་ངོ་རྣམས་དང༌། གྲྭ་ཚང་གསུམ་སོགས་ངུར་སྨྲིག་ཁྲིམས་ལྡན་རྣམས་ཀྱིས་དར་གདུགས་འཕན་རྒྱལ་མཚན་ཕྱེ་ཕུར་སྒྲ་རོལ་མོ་དང་བཅས་ཏེ་འདར་ཆོས་འཁོར་ཡང་རྩེར་སོན། ཆོས་དང་ཟང་ཟིང་གི་དགའ་སྟོན་རྒྱ་ཆེ་བ་ལ་རོལ། དེ་ནས་རང་གི་བསྟི་གནས་སློབ་བཤད་ནོར་བུ་གླིང་དུ་སླེབ། དེ་དུས་རྗེ་ཤྲཱི་བ་བློ་གྲོས་རྒྱལ་མཚན་གྱིས་རང་ལ་ཐུགས་བརྩེ་བས་བསྟན་གཙོ་ཟངས་ཐང་མ། ས་སྐྱ་བཀའ་འབུམ་སོགས་ཞལ་ཆེམས་ཀྱི་བཀའ་སྩལ་ནས་བཞག་འདུག་པ་དེ་ཡང་སླེབ། བཀའ་འབུམ་གྱི་ལུང་འདི་ཡང་དཀོན་པོ་འདུག་པ་ནས། གྲོ་མོ་ལུང་ནས་འཇམ་མགོན་བླ་མ་ཀུན་དགའ་མཆོག་ལྡན་སྤྱན་དྲངས་སྤྱན་གསལ་པོ་རང་མི་འདུག་ཀྱང༌། མ་ཆེན་སྐལ་བཟང་གིས་ལེགས་པའི་མཚམས་སྦྱར། ཁོང་ལ་འདིའི་ལུང་འཕྲོད་ན་མིག་ཤོར་ཡང་བཟོད་གསུངས། རང་ལ་ཐུགས་བརྩེ་བ་དང༌། ས་སྐྱ་པའི་བསྟན་པའི་ཁུར་ཆེན་པོ་བཞེས། ཟླ་བ་ཕྱེད་གཉིས་ཙམ་ལ་དཀའ་འབུམ་གྱི་ལུང་ཡོངས་རྫོགས། འཇིགས་བྱེད་རྭ་ལུགས་ཀྱི་དབང༌། ལས་གཤིན་གྱི་རྗེས་གནང་ཡིག་ཆའི་ལུང་སོགས་མ་ཚང་བ་མེད་པར་གནང་བས་བཀའ་དྲིན་ཟླ་མེད་པར་གྱུར། ཁོ་བོ་རང་