[A:༥༩༡]གིས་ཀྱང་བཀའ་འབུམ་ལྔའི་བརྒྱུད་འདེབས་དང༌། ཐོབ་ཡིག །རྗེ་བླ་མས་ངོར་ཆེན་དཀོན་ཅོག་ལྷུན་གྲུབ་པའི་གསན་ཡིག་ནང་བཞིན་གནང༌། འོན་ཀྱང་ཁོ་བོ་རང་གིས་སྔར་ཐོབ་ཟིན་པ་རྣམས་དེའི་ཚེ་བཟླས་ཏེ་ཞུ་མ་དགོས་སོ། །དེའི་ཚེ་འཇིགས་བྱེད་མངོན་དཀྱིལ། ལས་གཤིན་རྗེས་གནང་སོགས་འཇམ་པའི་རྡོ་རྗེས་བཟབས་ཏེ་བྲིས། དཀྱིལ་ཐང་སྤྲུལ་སྐུ་རྣམ་སྲས་ཀྱིས་བྲིས། རྗེ་ས་སྐྱ་གོང་མའི་ཞལ་ལུང་གིས། །གནས་འཆི་མེད་མལ་ལས་ལེགས་འོངས་པའི། །གསུང་བདུད་རྩིའི་གངྒཱའི་ཆུ་བོའི་རྒྱུན། །བདག་མ་དྲོས་ཆུ་གཏེར་ཆེ་རུ་འཁྱིལ། །ཁོང་ཁ་འབབ་བཞི་ནས་ཕྱོགས་བཞིར་བབས། །ཡུལ་དབུས་གཙང་ལྗོངས་སུ་གཡས་སྐོར་ནས། །སེམས་མ་དག་འཁྲུལ་པའི་དྲི་མ་བཀྲུས། །ཀུན་བདེ་ལྡན་ཞིང་དུ་འཁྲིད་པར་ཤོག །དེ་ནས་ངམ་རིང་དགུན་ཆོས་ལ་ཕྱིན། ཚེས་བདུན་གྱི་མཚན་རྨི་ལམ་དུ་འདུ་ཁང་ཆེན་པོ་ཞིག་གི་ནང་དུ་ཕྱིན་རྒྱ་མཐོང་ན་མདུང་དར་ཁྲ་ཐིབ་སེ་མང་པོ་བསླང་ནས་བཞག་འདུག །ཁྱམས་སྟོད་དེ་ན་རང་གི་བླ་མ་ཞིག་ཡིན་སྙམ་པའི་བླ་མ་བརྗིད་ཅན་ཅིག་གིས་ཁྱེད་ལ་མདའ་ཨེ་དགོས་གསུང་བ་ལ་དགོས་ཞུས་པས། མདའ་གསར་པ་བཅུ་ཕོན་གཅིག་གནང་བྱུང་ལངས་འགྲོ་བའི་ཚེ་མདའ་ཕོན་པོ་དེ་ལག་ཏུ་ཁུར། མདུན་ན་པོ་ཏི་མང་པོ་འདུག་པ་དེ་རང་གི་རོགས་ལ་བསྐུར་ནས་ཁུར་ཡོངས་པ་རྨིས། དེའི་ཐོ་རེངས་ས་གཡོས་རེ་ཆེ་བ་ཞིག་ཀྱང་བྱུང་དེ་ཡང་དགེ་བའི་ལྟས་ཡིན་ཟེར་མཁན་ནི་འདུག །འབྲུག་ལོ་ཟླ་བ་བཅུ་གཅིག་