[A:༥༩༢]པའི་ཡར་ངོ་ཚེས་བརྒྱད་ལ་རྒྱལ་ཕུར་འཛོམ། ཁོ་བོ་མཁན་པོའི་ཁྲི་ཐོག་ཏུ་འདོན་གསུང༌། སྡེ་སྲིད་རྒྱལ་པོ་ནམ་མཁའ་ཚེ་དབང་ཕུན་ཚོགས་དབང་གི་རྒྱལ་པོ་སྐུ་ཤིན་ཏུ་གཅེས་པས། ས་མི་གཙང་གི་དོགས་འཛེམ་མཛད་སྐུ་མཚམས་དམ་པར་ཡོད། དེའི་དགོངས་རྒྱལ་པོའི་མཚན་ལམ་ལ་བྱམས་ཆེན་གྱི་རྩེར་རྒྱལ་མཚན་གསར་པ་བཙུགས་པ་སོགས་མཚན་ལམ་བཟང་པོ་བྱུང་ཟེར། དཔོན་ས་ལྷ་གཅིག་ཕུན་ཚོགས་རྒྱལ་མོ་དྲུང་འཁོར་རགས་བསྡུས་དང་བཅས་བསྐོ་བཞག་ལ་ཚོགས་སུ་ཕེབས། ཁྲི་སྟོན་ལ་མང་ཇ་གསུམ་སྦྲེལ། ནས་ཁལ་འགྱེད་དཀར་སྤྲོའི་འགྱེད། བུར་འགྱེད། ཆེ་བགྲེས་སློབ་དཔོན་ཕྱིའི་གྲྭ་སྐོར་བ་དང་བཅས་པ་ལ་དར་འགྱེད་ངོས་སུ་འདེགས་རྟེན་བཀྲ་ཤིས་ཁ་བཏགས་གསེར་སྲང་ཕྱེད། དངུལ་ཕོར། རྟེན་ཁེབས། གོས་ཆེན། རས་དཀར་ཡུག །འདར་ནས་ཞལ་ངོ་རྣམས་ཀྱིས་ཁྲི་སྟོན། མང་ཇ་ནས་འབོ་བཀྲ་ཤིས་ཁ་བཏགས། གསེར་ཞོ་ལྔ། གོས་ཆེན་རིང་འགག །རྒྱུད་འབྲེལ་པོ་ཏི་སོགས་སྟོབས་ཆེ་བ། རྩེ་ཆེན་ནས་དཔོན་བློན་རྣམས་ཀྱི་མང་ཇ་འདེགས་རྟེན་བཀྲ་ཤིས་ཁ་བཏགས། དངུལ་ཕོར། གུ་གེ་ཤེལ་གྱི་ཀ་ཏོ་ར། གོས་ཕྱི་ནང༌། གདན་རྡོར་གདན་མ་སོགས་སྟོབས་ཆེ་བ། སྡེ་པ་དྲང་སྲོང་དོན་གྲུབ་ཀྱི་མང་ཇ་ཉིས་སྦྲེལ། འདེགས་རྟེན་བཀྲ་ཤིས་ཁ་བཏགས། བེར་ཐུལ་སྐྱེར་ཁ། ཇ་སིགས་སོགས་སྟོབས་ཆེ་བ། ཕྱག་གཡོག་འཁོར་བཅས་རྣམས་ཀྱིས་ཐོན་སི་ཇ་རྡུམ། རྡུམ་ཕྱེད་སོགས་བསྡོམས་པས་སྤོབས་རྩེ་ཙམ། རང་གི་སྟོད་ཐུང༌། མཐའ་དམག་བཟློག་