[A:༥༩༣]པའི་སྨོན་ལམ་སོགས་འཛུགས་པ་ལ་མང་ཇ་བཞི་སྦྲེལ། བསྟན་འཛིན་རིན་པོ་ཆེས་ཁྲི་སྟོན་ཡིན་ནོ་གསུང་མང་ཇ། གནང་སྦྱིན་བཀྲ་ཤིས་ཁ་བཏགས། གུ་གེ་ཤེལ་གྱི་དཀར་གཟུགས། ཐོན་ཐིའི་པང་ཁེབས་དངོས་གཙང༌། སྲབ་ཆེན་གྱི་ཆོས་གོས། གོས་ཕྱི་ནང་སོགས་སྟོབས་ཆེ་བ། གཞན་ཡང་དཀར་ཆོས་འདེགས་རྟེན་རོང་ཚོ་ནས། བདེ་གླིང་ནས་སོགས་དང༌། གཞན་ཡང་དད་འདུན་གྱི་སློབ་བུ་སྦྱིན་བདག་སོགས་བསམ་གྱིས་མི་ཁྱབ་པས་བགྲང་གིས་མི་ལང་བ་བྱུང༌། ཁྱད་པར་ཁྲི་ཐོག་ཏུ་སླེབ་ཙམ་གྱི་ཚེ། རང་ལུས་ལ་ཉི་མ་ཤར་བ་དང༌། མེ་ཏོག་གི་ཆར་སྦྲང་ཆར་ཟིམ་པ་ལྟ་བུ་ཡང་འབབ་ཀྱིན་འདུག་ཟེར། རང་ཕྱོགས་འདྲས་བསྟོད་པའི་ལུགས་ཡིན་ནམ་བསམ་སྟེ། སྟེང་ནང་སོའི་ཇོ་གདན་བཞི་སྡེ་པ་རྣམས་འབབ་ངེས་པ་ཅན་ཡིན། ཕྱོགས་འདི་ནས་བྱུང་དུས་འདི་ལ་བྱུང༌། ཡུན་འདི་ཙམ་བྱུང༌། ངེས་དག་རང་ཤོད་ཀྱིན་འདུག་པས་བདེན་པ་ཨེ་ཡིན་བསམ། མཁའ་འགྲོའི་རིགས་ཅན་མཛེས་ལྡན་ལྷ་མིའི་ཚུལ། །འདུས་པའི་ཚོགས་སུ་རིན་ཆེན་ཁྲིར་བཀོད་ཚེ། །འདོད་ཡོན་དཔལ་གྱིས་མཆོད་དང་ལྷན་ཅིག་ཏུ། །ལྷ་རྣམས་དགེ་བའི་མེ་ཏོག་དགའ་ཆར་ཕབ། །དད་ལྡན་སྦྱིན་བདག་ལྷག་བསམ་དར་བབ་པས། །འདོད་ཡོན་མཆོད་སྤྲིན་སྣ་ཚོགས་ཕུང་པོར་སྤུངས། །ཚེ་དང་བསོད་ནམས་ཡར་ངོའི་ཟླ་དབང་ལྟར། །དར་རྒྱས་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ངུར་སྨྲིག་ཚུལ་ཁྲིམས་དྲི་ཡིས་ཕྱོགས་ཀུན་གྱི། །དད་ལྡན་བུང་བའི་ཚོགས་ཀུན་བསྐྲད་ཀྱང་འཁོར། །མགྲིན་