[A:༥༩༤]རྔ་སྙན་པའི་དབྱངས་ཀྱིས་ཡིད་འཕྲོག་པའི། །བྱམས་གླིང་ཆོས་སྡེ་ངོ་མཚར་དཔལ་གྱི་གཞི། །དེའི་ཚེ་རབ་བརྟན་ལྷུན་གྲུབ་སྤེའུ་ནས་དད་ལྡན་མིའི་དབང་པོ་ཀུན་དགའ་བཀྲ་ཤིས་ཀྱིས་དད་འདུན་བདག་རྐྱེན་སྔ་ཕྱི་ཀུན་ཏུ་མཛད་པ་ཞིག་བྱུང༌། ཁྱད་པར་ཁྲི་ཆེན་པོ་དེ་ལ་སྐས་དངོས་གཙང་པོ་མི་འདུག་པས་འབབ་འཛེག་ཤིན་ཏུ་དཀའ་སྦྱིན་བདག་ཆེན་པོས་འདི་འདྲ་འོ་བརྒྱལ་གསུངས་ནས་ཤིང་གི་སྒམ་སྐས་བབ་ཐག་ཤིན་ཏུ་ལེགས་པ་ཞིག་བཅོས་ནས་གནང་བ་དེ་སེམས་རབ་ཏུ་དགའ་བ་ཞིག་བྱུང༌། དེའི་ཚེ་དཔལ་ནང་སོ། །ཨེ་སྡེ་པ། སྐུ་དྲུང་དཔལ་རྩེ། ཡོལ་གདོང་དྲུང་ཆེན། སྡེ་པ་གྲགས་པ་སོགས་ཕྱག་གཡོག་དྲུང་འཁོར་མང་པོས་ཚེས་དབང་རྗེས་གནང་སོགས་མང་པོ་ཞུ་ཡིན་འདུག །ལྷག་བསམ་རབ་དཀར་མི་དབང་དགའ་བའི་མཚན། །ཚེ་རབས་སྔོན་ནས་འགྲོགས་པའི་བག་ཆགས་སད། །བསྙེན་བཀུར་བསྔགས་པའི་ཁྲི་ལ་འགྱུར་བ་མེད། །ཚེ་དང་བསོད་ནམས་དར་བའི་བཀྲ་ཤིས་ཤོག །དེ་ནས་ཕར་ལམ་རྔོད་ལ་ཕྱིན། ཡུལ་ཁང་ཤིན་ཏུ་འཇམ་ཡོངས་རུའི་དར་ལ་ཐོན་པ་འདུག་གསུང་འདར་ནས་ཕོ་ཉ་བྱུང༌། ཕར་ལམ་དར་ཤིན་ཏུ་བཟང་བ་བརླིང་བ་ཐག་ཆོད་པ་བྱུང༌། འདར་ནས་དཔོན་བློན་མངའ་སྲིད་སྐྱ་བཙུན་ཐམས་ཅད་ཀྱི་བསུ་བ་སྔར་བས་ཀྱང་ཆེས་བཟབས་པ་རང་མཛད་ཀྱིན་འདུག །ལམ་བར་ནར་ཀྱང་ཟམ་མ་ཆད་པའི་ཤོང་དཀར་རྩེ་མོའི་བཏུང་བ་རྒྱུན་མ་ཆད་པ་འཁོར་འདས་དབྱེར་མེད་ལྟ་བའི་རྒྱན་དུ་ཆེ་བ་བྱུང༌། འདར་གྱི་རྫོང་འགྲམ་རི་ཕུག་གི་སྐྱེད་མོས་ཚལ་དུ་ཞལ་ངོ་རྣམས་ཀྱིས་གསོལ་