[A:༥༩༥]ཇ། བཞེས་སྤྲོ་སོགས་རིག་པའི་དྭངས་ཆ་ཐོན་པ་བྱུང༌། དེ་ནས་ཆོས་འཁོར་ཡང་རྩེའི་དྲི་གཙང་ཁང་དུ་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་སྐུ་གདུང་རིང་བསྲེལ་བཞུགས་པའི་གསེར་འབུམ་ལ་ཕྱག་མཆོད་སྙན་དར་སོགས་ཕུལ། ངེད་ཀྱི་སྔ་སྐད་དར་ལ་ཐོན་དགོངས་ཕྱོགས་དར་དེ་ཤོར་ཟེར། སེམས་མེད་འབྱུང་བཞི་སེམས་དང་ལྡན་པ་བཞིན། །ལ་ཆེན་འཇམ་རླུང་ཉི་མས་དྲོད་ཀྱིས་བསྐྱངས། །ཆུ་ཆེན་བསིལ་རླུང་དར་གྱིས་སྐྱེལ་མ་བྱས། །ཨེ་མ་སྒྱུ་མའི་རྟེན་འབྲེལ་ངོ་མཚར་ཆེ། །ས་འོག་ཀླུ་རྣམས་དགའ་བས་རྩི་བཅུད་འཕེལ། །ས་སྟེང་མི་རྣམས་རབ་དགའ་གླུ་དབྱངས་འཚེར། །ས་བླ་ལྷ་རྣམས་དགྱེས་པས་ལོ་ཕྱུགས་རྒྱས། །རྒྱལ་ཁམས་ཀུན་ཏུ་ཕན་བདེ་དར་བར་ཤོག །དེ་ནས་ཕུ་རང་བྱུང་གི་ཆུས་ལུས་ཟུངས་གསོས་ཏེ། མང་མཁར་བདེ་གླིང་པ་དེ་རང་ལ་སྙིང་ནས་དད་འདུན་གྱི་སྦྱིན་བདག་ཡིན་པས་ལམ་བར་དུ་ཞག་འགའ་ངལ་གསོ་དང་དབང་ལུང་རྗེས་གནང་འདྲ་བྱས། དེ་ནས་རང་གནས་ནོར་བུ་གླིང་དུ་སླེབ། ཟླ་བ་གཅིག་གི་བར་ལ་མཚམས་སེ་བྱས། སྐབས་གསེང་ལ་ཀླུ་སྒྲུབ་བསྟོད་འགྲེལ་དེ་བརྩམས། ནུབ་གཅིག་འཕགས་པ་ཀླུ་སྒྲུབ་ཡིན་ཟེར་བའི་པཎྜི་ཏ་པཎ་ཞུ་བསྣམས་པ་ཞིག་དང་མཇལ། ཆོས་ཀྱི་བགྲོ་བ་མང་དུ་བྱུང་སྟེ་ཚིག་རིགས་ནི་མི་དྲན། དེ་ནས་རང་ཅུང་ཟད་གཡེངས་པའི་བར་ལ་ཀླུ་སྒྲུབ་མི་བཞུགས་འདུག །ཀླུ་སྒྲུབ་གར་ཕེབས་བྱས་པས་ཐེགས་སོང་ཟེར། ཕེབས་པས་མི་ཡོང་བ་ཡོད། གསུང་གླིང་འདྲ་དགོས་པ་ཡོད་བྱས་པས་ད་སྐུ་རྗེས་མ་ཟིན་པ་ཡོད་