[A:༥༩༦]ཟེར། དེ་བདེན་ཁོང་འཕགས་པ་ཡིན་པས་འཕུར་ནས་བྱོན་བདེ་བ་ཅན་གྱི་ཞིང་དུ་ཕེབས་ངེས་བསམ་པ་བྱུང༌། ཕེབས་ཤུལ་འོད་ཀྱི་ལམ་ལྟ་བུ་སྐྱ་ཐལ་ལེ་བ་ཞིག་འདུག །དེ་ནས་འཕགས་པ་ཀླུ་སྒྲུབ་ཀྱི་ལྟ་བ་ལ་མཁས་པ་སྔ་ཕྱི་མང་པོ་དག་གི་སྤྱོད་ཡུལ་དུ་མ་གྱུར་པའི་གནད་ཟབ་མོས་ཁོང་དུ་ཆུད་པས། མངོན་པའི་ང་རྒྱལ་དང་རྫུན་དུ་མ་གྱུར་ཙམ་ཡོད། དཔལ་འཕགས་པ་ཀླུ་སྒྲུབ་གཞུང་ལུགས་ལ། །ལུང་རིགས་པ་ཟབ་མོས་ངེས་པར་འདྲོངས། །གཞན་ཟེར་ལོའི་རྗེས་ཟློས་མི་དགོས་པར། །གནད་སྙིང་པོ་ལོངས་པ་ཁོ་བོ་ཙམ། །དེ་ནས་སྟག་རྩེ་ནུབ་དགོན་ནས་ཆོས་མཛད་ཅིག་དང་ཉང་སྟོད་རྐྱན་ངུར་ནས་གྲྭ་པ་ཞིག་གཉིས་ཆོས་དོན་དུ་གཉེར་ནས་རྗེས་འབྲང་དུ་ཡོད་པ་དེ་གཉིས་སོགས་ཤེས་ལྡན་འགའ་རེ་ལ། གཤེད་དམར་ལྷ་ལྔའི་དབང༌། བརྒྱུད་པ་གཉིས་ལྡན་གྱི་སྤྲོས་མེད་ཀྱི་འཁྲིད་བྱིན་རླབས་སོ་སོ་དང་བཅས་པ་ཚང་འགྲིག་བྱས། དེ་ནས་རོང་ཚོ་ནས་དད་ལྡན་གྱི་སྦྱིན་བདག་མི་དབང་ནམ་མཁའ་དཔལ་འབྱོར་དྲུང་གིས་སྐུ་ནས་སྟབས་ཀྱིས་ཕྱིན་ཆད་འབྱོན་ཐུབ་པ་དཀའ་བས། ད་ལན་ཁོང་ཅིག་ཡོང་དགོས་གསུང་སྔ་སོ་ནས་བཀའ་ལུང་ནན་ཆགས་གནང་གིན་འདུག་པ་ནས། ཕེབས་བསུའི་ཆིབས་པ་སོགས་སླེབ་བྱུང་བ་ནས་ཤར་ལ་ཕྱིན་ལམ་བར་བྱ་གཤོངས་སུ་ཞག་གཅིག་བསྡད། མང་ཇ་དར་འགྱེད་དང་བཅས་པ་བྱས། དཔོན་སློབ་རྣམས་ཚེ་དབང་དགོས་ཟེར་ཆོས་གྲྭ་ཕྱིར་ཚོགས་པ་ལ་ཚེ་དབང་བྱས། སྔོན་གྱི་བག་ཆགས་སད་པ་ལྟ་བུས་གྲྭ་པ་རྣམས་སྤྱན་ཆབ་མང་པོ་བསིལ་གྱིན་འདུག་