[A:༥༩༧]ཟེར། གླིང་ཐ་དད་ནས་སྒོས་མཇལ་ཇ་ལྟིར་རྒྱུགས་འབུལ་བ་བསམ་གྱིས་མི་ཁྱབ་པ་བྱེད་ཀྱིན་འདུག །དེ་ནས་རོང་ཚོར་ཕྱིན་ཞལ་ངོ་རྣམས་ལ་ཚེ་བཀའ། སྒྲོལ་དཀར་རྗེས་གནང་དགྱེས་མཛད་དབང་ཙམ་བྱས། ན་སོའི་སྟབས་ཀྱིས་ངལ་དུབ་བྱུང་གི་དོགས་རྣམ་གྲངས་མང་པོ་ཞུ་བ་མི་གནང་འདུག །དེའི་དུས་ཀརྨ་སྐུ་གཞོགས་གྲྭ་ཚང་པ་ལ་ཟླ་བ་གཅིག་གི་སྦྱིན་བདག་གནང་འདུག་པས། ཁོང་རྣམས་ཀྱིས་ཀྱང་གསོལ་ཇ་ཞུས་འབུལ་བ་སོགས་བྱས། རང་རེས་ཀྱང་མང་ཇ་གཅིག་བྱས། གྲྭ་ཚང་དེ་ཡང་སློབ་གཉེར་བ་ཤ་སྟག །ཚོགས་སུ་དབུ་མ་འཇུག་པའི་གཞུང་འདོན་སོགས་དངོས་གཙང་པོ་འདུག །རང་རེའི་དྲུང་རམས་པ་བྱམས་ཆོས་པ་དང༌། དྲུང་རམས་པ་བྱམས་སྙིང་གཉིས་ཀྱིས་ཀྱང་རིགས་ལུང་ལ་བཏང་མ་ལ་ཕྱིན། ཁོང་རྣམས་ཀྱིས་མཐོང་དགའ་ཚོར་ཆེན་པོ་བྱེད་ཀྱིན་ཡོད་པར་འདུག །དེ་ནས་རོང་ཚོ་བྱང་དུ་ནུབ་གཅིག་བསྡད། ཁོང་རྣམས་ལ་ཚེ་དབང་སོགས་མང་དུ་བྱས། དེ་ནས་རོང་ཚོ་རྩེར་ཕྱིན། དང་ཐོག་མ་ནས་མཛའ་བོ་སྙིང་ལྟར་གཅེས། །དོན་ཅི་འདོད་བཞེད་དགུའི་དཔལ་གྱིས་མཆོད། །ཐུགས་དཀར་བའི་ལྷག་བསམ་དག་པས་འཁྱུད། །དུས་གཏན་གྱི་བཤེས་སུ་བདག་གྱུར་ཅིག །རོང་ཚོ་ནས་སྣང་གསལ་རྫོང་མདུན་དུ་གསོལ་འདེབས། སྐུ་མཆེད་གཉིས་ཀྱིས་མདོ་ཐུག་ཕེབས་སྐྱེལ་མཛད། དེ་ནས་བྱ་གཤོངས་སུ་ཅལ་མ་ཞིག་བསྡད། དེ་ནས་ལ་ལྐོག་ཏུ་ཡོངས། སྤེ་བཟང་ནས་ཆོས་ལེགས་འཁོར་བཅས་ལ་ཚེ་དབང་དགོས་གསུང་དེ་བཞིན་བྱས་