[A:༥༩༨]ས་ལུང་ནས་སྲས་ཆུང་བ་གཉེར་པ་དང་བཅས་དཀོན་གཉེར་དགེ་སློང་སོགས་ཀྱང་བྱུང་འབེལ་བའི་གཏམ་ཡང་སྨྲ། སང་ཉིན་མཚོ་བོ་ལྷོ་སྒོར་བསྡད། ཁང་པ་གསར་པ་ལ་རབ་གནས་དང་ཚེ་དབང་སོགས་བྱས། ཆོས་རྗེ་རྒྱང་པ་ཡང་ཕེབས་བྱུང༌། འབེལ་བའི་གཏམ་སོགས་འཕྲོད་པའི་གཏམ་མང་དུ་གླེངས། དེ་ནས་འདར་ཆོས་འཁོར་ཡང་རྩེ་སོགས་སུ་ཕྱིན། སྐབས་ཤིག་ཤིང་མངས་སུ་སྒྲུབ་སྡེ་ལ་ཞེན་པ་བཞི་བྲལ་གྱི་འཁྲིད་དགོས་ཟེར་བྱས། དེའི་ཚེ་སྔར་དབང་དྲིལ་ཉེར་ལྔའི་ཕལ་ཆེར་གྲུབ་ཀྱང༌། འཕྲོ་ཅུང་ཟད་ཡོད་པ་དགེ་སློང་བྱམས་ཆོས་པས་གྲོགས་ལྡན་བྱས་རྫོགས་པར་གྲུབ། དེ་སྐབས་ནུབ་ཅིག་རྨི་ལམ་དུ་དཔལ་ལྡན་ཨ་ཏི་ཤ་ཡིན་ཟེར་བ་ད་ལྟའི་སྐུ་འདྲ་ལ་ཇི་ལྟར་བྲིས་པའི་རྣམ་པར་ཅན་གྱི་པཎྜི་ཏ་ཕྱག་ན་བསྟན་གཙོའི་སྐུ་ལེགས་པོ་བསྣམས་པ་ཞིག་དང་མཇལ། ཨ་ཏི་ཤ་ཐུགས་དམ་འཕེལ་ལམ་བྱས་པས་ཕ་ལ་ཕ་ལ་གསུང༌། དེ་ནས་ཕྱག་གཡོག་པ་ཞིག་གིས་ཨ་ཏི་ཤ་གསང་ཆབ་དྲོ་ཡིན་འདུག་ཟེར་བལྟས་པས་ཞལ་ནས་འོ་མ་ལྟ་བུ་ཞིལ་སྐྱ་རྒྱང་རྒྱང་འོང་གིན་འདུག །ཁོ་བོས་ཀྱང་ལག་པ་བཟེད་པས་ཡོལ་མོ་གང་འཐུངས་པས་རོ་མཆོག་དང་ལྡན་པར་གྱུར། རྟེན་འབྲེལ་བཟང་སྙམ་དགའ་བ་ཆེན་པོ་བྱུང༌། རང་རེ་རོང་ཚོ་ལ་འགྲོ་བའི་ཚེ་སྔ་སོར་ནས་རྗེ་བཙུན་ས་པཎ་གྱི་རྣམ་ཐར་ཐང་ཁ། ཐང་ཁ་ལྔ་ལ་ཐུས་པ་ཞིག་སྙིང་ལ་འདོད་བྱ་ཆེ་བར་ཡོད་པ་ཉེ་བར་སྤྲུལ་སྐུ་ཡང་སླེབ། རས་འདུལ་སྐྱ་རིས་རྣམས་ཀྱང་རང་གིས་བཀོད་པ་བྱས་ཤར་ལ་འགྲོ་གོང་གྲུབ། སྤྲུལ་སྐུ་དེ་