R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༡༤
[A:༤༡༤]འདོགས་པ་གནང༌། དེ་ནས་རྣལ་འབྱོར་མའི་སིནྡྷུ་རའི་བྱིན་རླབས། རྒྱུ་སྡེ་ལྔའི་དབང༌། བདེ་མཆོག་ལྷ་ལྔའི་དབང༌། ནི་གུའི་བྱིན་རླབས་ཉེར་ལྔ། གྲུབ་ཆེན་བརྒྱད་ཅུའི་རྗེས་གནང༌། འཁྲིད་བརྒྱའི་འགོ་བརྩམས་འཁྲིད་ཉི་ཤུ་ཙམ་སོགས་དང༌། ནི་གུའི་འཁྲིད་སྲོལ་མི་གཅིག་པ་གསུམ་སོགས་བསམ་གྱིས་མི་ཁྱབ་པའི་དབང་ལུང་བྱིན་རླབས་གནང༌། ཁོ་བོ་ཡང་གཉག་གསེར་དཔོན་གྱི་རིགས་ཡིན་ལ །རྗེ་དམ་པ་ཡང་གཉག་གི་རིགས་ཡིན་འདུག་པས། དེའི་དཀར་ཕྱོགས་ཀྱི་ཁོ་བོ་ལ་ཉེ་བོ་ཆོས་རྗེ་གསུང་ཞིང་ཐུགས་གཙིགས་པར་མཛད། ཁྱེད་གཉག་པ་ལ་གྲུབ་ཐོབ་མང་པོ་བྱུང༌། མཁས་པ་སྔར་བྱུང་བ་མེད་དོ་གསུང་པའི་ཉམས་ལྡན་གསུང༌། བདག་གི་བསམ་པ་ལ་གྲུབ་ཐོབ་མཚན་ཉིད་པ་བྱུང་ན་མཁས་པ་དོན་ལྡན་དེ་ག་ཡིན་སྙམ་པ་བྱུང་ཡང་ཞུ་མ་སྤོབས་སོ། །ཡང་བདག་ལོ་ཉི་ཤུ་རྩ་གསུམ་ལོན་པའི་སྐབས་ཤིག་བོ་དོང་ཕྱོགས་ན་འབྲུམ་པ་འདུག་པས་བདག་དཔོན་ཆེན་བྱམས་པ་བློ་གྲོས་གཉིས་ཀྱིས་འབྲུམ་འཛེམ་འདར་དུ་ཟླ་བ་གཉིས་ཙམ་སྐྱིད་གཤོངས་དང་རུ་སྤེ་གཉིས་སུ་བསྡད། དེའི་ཚེ་སྡོམ་གསུམ་རབ་དབྱེ་སོགས་གཞུང་མང་པོ་འཛིན་སྦྱོང་སྨར་བར་བྱུང༌། དེ་སྔ་རྗེ་ཚར་ཆེན་དང་མཇལ་མ་མྱོང༌། ཆོས་རྗེ་ཚར་པ་ཟེར་བ་དེ་རྟ་ཞོན་བེར་གྱོན་ཁྱི་ཁྲིད་པའི་བླ་མ་སྒྲོབ་ཅན་ཞིག་མ་གཏོགས་སློབ་མ་འཁྲིད་པའི་བཤེས་གཉེན་དམ་པ་ཞིག་ཨེ་ཡིན་ནམ་བསམ་པ་བྱུང༌། དུས་གཅིག་གི་ཚེ་རྗེ་བླ་མ་དེ་ཚ་ལུང་སྐྱིད་མོ་གཤོངས་སུ་སྤྱན་དྲངས་པའི་ཚེ་ཁོ་བོས་ཀྱང་མཇལ། དེའི་དུས་མདོ་ཕྱོགས་ལ་དྲི་བ་མང་པོ་གནང་བྱུང་བ་ལ་བདག་གིས་ཀྱང་ལན་རིམ་པ་བཞིན་ཕུལ་བས་ཤིན་ཏུ་དགྱེས། ཁྱེད་ལ་དྲིས་པའི་ཐད་ལ་བཤད་རྒྱུ་འདུག །གཞན་འདི་ཚོ་ལ་དྲིས་པའི་དོན་ལ་བཤད་རྒྱུ་མེད་པར་མ་དྲིས་པའི་སར་ཕྱམ་ཕྱམ་འཕྲོ་བ་ཞིག་ཡོང་གིན་