R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༡༥
[A:༤༡༥]འདུག་གསུང༌། ཁོ་བོ་ཡང་བླ་མ་ལ་དད་པ་ཚད་མེད་པ་སྐྱེས། དེ་ནས་སྐྱེད་གཤོངས་པ་རྣམས་འདར་གྲང་ཆེན་དུ་རྗེ་བླ་མ་ལ་དབང་ཞུ་བ་ལ་འགྲོ་བའི་ཟླ་ལ་ཁོ་བོས་ཀྱང་ཕྱིན། ཚེ་དབང་གྲུབ་རྒྱལ་མ་དང༌། སྣ་ཚོགས་ཡུམ་གྱི་དབང་རྗེས་གནང་ཐོབ་པས་དགའ་བ་དང་སྤྲོ་བ་ཅི་ཡང་སྐྱེས། བདག་ཀྱང་དཔལ་ལྡན་ས་སྐྱའི་ཆོས་འདྲ་ཞུ་འདོད་ཡོད་པས་རྗེས་སུ་གཟུང་དགོས་ཞུས་པས། ང་ཡིས་མཐུ་མིན་པ་གཞན་མི་ཤེས། ཁྱེད་མཐུ་ནི་མི་སློབ་བམ་གསུང༌། བདག་གིས་མཐུ་དང་མཐུ་མིན་པ་ཡང་སློབ་ཞུས་པས་ཞལ་འཛུམ་བག་དང་ལྡན་པར་གྱུར་འདུག་གོ །དེ་དུས་ཉིད་ནས་ཐུགས་རྗེའི་སྤྱན་རས་ཀྱིས་འཚོ་བའི་རྟེན་འབྲེལ་གྱི་ཐོག་མ་ཡིན་པར་ཤེས་སོ། །དེ་ནས་འཇམ་མགོན་བླ་མས་དགུང་ལོ་ཞེ་ལྔ་པ། བདག་གི་ཉེར་བདུན་ལོན་པ་བྱ་ལོ་དབྱར་ཆོས་གཉིས་པ་ལ་འཇམ་དབྱངས་བླ་མས་བྱ་གཤོངས་ཀྱི་གདན་ས་འཇམ་མགོན་སངས་རྒྱས་རྒྱལ་མཚན་ལ་གཏད་ནས། ཁྱི་ཕག་བྱི་བའི་ལོ་གསུམ་དབེན་པ་བསྟེན་ནས་ཐུགས་དམ་མཛད་པ་དང༌། གསུང་ངག་སོགས་གསན་པ་ཡིན་ལ། དེ་སྐབས་སུ་ཡང་ཁོ་བོས་འཇམ་མགོན་བླ་མའི་ཞབས་པད་བསྟེན་པ་ཡིན་ཏེ། དེ་ཡང་འཇམ་མགོན་བླ་མས་གདན་ས་བཀོད་པའི་གོང་དབྱར་ཆོས་དང་པོ་ལ་ཁོ་བོ་རོགས་གསུམ་དང་བཅས་འདར་ལ་ལོག་ཡོངས་པས། དོན་གྲུབ་གླིང་གི་ལྕང་རའི་འགྲམ་དེར་སླེབ་ཙ་ན་བྱིས་པ་མང་པོ་པཎྜི་ཏ་སླེབ་བྱུང་ཟེར་དིར་དིར་འདུག་པ་ན་ཞ་ལུ་བུ་སྟོན་ལའང་དེ་འདྲ་བྱུང་བའི་ཚེ། བྱིས་པའི་ཁ་ལ་གཡང་ཡོད་ཟེར་བ་ཡིན་པས་རྟེན་འབྲེལ་བཟང་གསུང་པ་རྣམ་ཐར་ན་འདུག་པས། བྱིས་པ་ཚོ་རྟེན་འབྲེལ་བཟང་པོ་ཞེས་ངེད་རྣམས་བཞད་གད་བྱེད་ཀྱིན་ཕྱིན། དེ་ནས་ཁྱི་ལོ་དེ་ལ་ངེད་ཀྱིས་འཇམ་མགོན་བླ་མ་ལ་བྱ་གཤོངས་སུ་ནི་ཆོས་འཆད་ཉན་