[A:༦༠༩]མི་དབང་དཔལ་འབྱོར་མཚན། །རྡོ་རྗེ་ལྟར་བརྟན་དཔལ་ཀུན་ཕྱོགས་ནས་འཛོམ། །ཆབ་སྲིད་འཇམ་དར་ཕུན་ཚོགས་དཔལ་དུ་བསྔོ། །ལྷག་བསམ་རབ་དཀར་གངས་རིའི་དུམ་འཁྲིགས་ལས། །ལེགས་འཁྲུངས་བསོད་ནམས་ལྷུན་པོའི་སྤོ་ཆེན་པོར། །རབ་འཁྱིལ་མངོན་མཐོ་དགེ་ལེགས་ཆུ་གཏེར་ཆེ། །ལུགས་གཉིས་སྲིད་ཀྱི་ལོ་ཏོག་སྨིན་པར་བསྔོ། །འབྲུ་ཚོགས་སྐྱེས་ཀྱིས་དབུལ་འཕོངས་སྡུག་བསྔལ་བསལ། །ཞིང་བཟང་མཆོད་པའི་འབྲུ་ཚོགས་ཕུང་པོར་སྤུངས། །རྒྱལ་བའི་གདུང་ལ་ངོ་མཚར་ཁང་བརྩེགས་ཕུལ། །བཞེད་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །རྟེན་བཟང་པོ་ལ་རབ་གནས་བགྱིས་ནས་ཡུན་རིང་མ་ལོན་པར་དད་ལྡན་གྱི་སྦྱིན་བདག་བསོད་ནམས་ཁྱེ་འདྲེན་གྱིས་བདག་ལ་ས་པཎྜི་ཏའི་ཡུངས་འབྲུའི་རིང་བསྲེལ་འབུལ་བར་བརྩམས་པ་ན་བརྩམས་པ་དེ་ལས་ལྷག་ཙམ་གསར་དུ་འཕེལ་བ་དང་བཅས་པ་ཕུལ་བས། རང་ས་སྐྱ་པཎ་ཆེན་ལ་སྔོན་གྱི་ལས་འཕྲོ་སད་པ་ལྟ་བུའི་དད་འདུན་དངོས་དང་རྨི་ལམ་དུ་ཡོད་པ་ནས་དགའ་ཞིང་སྤྲོ་བ་ས་རབ་དགའ་ཐོབ་པ་ལྟ་བུར་གྱུར། སློབ་བཤད་ནོར་བུ་གླིང་ནས་ཆོས་ཉན་པ་རྣམས་ཀྱིས་དར་གདུགས་སྒྲ་རོལ་མོ་དང་བཅས་པས་སེར་སྦྲེང་གིས་བསུ་བ་ལེགས་པར་བྱས་ནས་གནས་སུ་བཞུགས་སུ་གསོལ། དད་འདུན་བསོད་ནམས་བསགས་པའི་སྦྱིན་པོ་ཡི། །ཚེ་རབས་ཀུན་ཏུ་བོགས་དང་ཁྱེ་འདྲེན་པའི། །རྒྱལ་བའི་རིང་བསྲེལ་ལས་ལྷག་ཕུལ་བ་འདི། །དཔལ་འབྱོར་ཕུན་སུམ་ཚོགས་པའི་ཆེད་དུ་བསྔོ། །རང་ཉིད་ལ་བསྲུང་སྐྱོབ་བྱེད་པའི་འདུན་པ་ཆེར་མེད་ཀྱང་ཕ་རོལ་པོ་ནས་བསམ་པ་དག་པ་ནས་བློ་གཏད་ན་ནུས་ཅུང་ཟད་ཡོང་གིན་ཡོད་པར་སྣང་སྟེ། རང་གི་ཚ་བོ་