[A:༦༡༠]ངོས་མ་བཞིས་གཙོ་བྱས་དཔོན་གཡོག་སུམ་ཅུ་ཙམ་གྱིས་བྱང་ཐང་མི་མེད་ལ་གསེར་ལ་ཕྱིན་པའི་ཚེ། ཚ་བོ་ལྷ་མོ་དབང་ལྡན་ཟེར་བ་ཞིག་གི་མཚན་གྱི་རྨི་ལམ་དུ་ཨ་ཁུ་ཆོས་རྗེའི་བང་ཆེན་བཏང་བ་ཡིན་ཟེར་བ་ཞིག་གིས་འཕྲད་དགོས་ཟེར་ཕྲད་པས་ངེད་ཀྱི་ཡི་གེ་ཡིན་ཟེར་ཡི་གེ་རྟེན་བཅས་མང་པོ་སྤྲད་བྱུང༌། ཁྱད་པར་ཚ་བོ་བཙན་ལྷ་དར་པོའི་སོག་པོ་ཐུལ་བའི་དཀར་ཆོལ་ཡིན་ནོ་ཟེར་གསེར་ཞོ་གང་སྦྱིན་པ་སོགས་རྨི་ལམ་མང་པོ་རྨིས། སྔ་དྲོ་ནམ་ལངས་ནས་གསེར་ལས་ལ་ཕྱིན་ཚུར་འགུགས་འཕྲལ་རྒྱང་རིང་པོ་ནས་རྟ་པ་འདྲ་མཐོང་རྐུན་གསེར་བ་ཡིན་པ་འདུག་རྡུང་དུ་འགྲོ་ཟེར་ཕྱིན་པས། རྟ་པ་ཞིག་གི་ཞྭ་མོ་ས་ལ་ལྷུང་སོང་བ་མགོ་རེག་ཏུ་མཐོང་ནས་ད་རྐུན་གསེར་བ་མིན་པ་འདུག་ཟེར་ལོག་པས། ར་ལུག་འཚོ་བའི་བུ་ཚ་གཉིས་ཡོད་པ་ལ་བསྟད་ནས་བྱུང་བ་བུ་ཚ་གཉིས་ཀྱིས་བྲོས་པ་ལ་གཅིག་འགྱེལ་བ་ལ་རྟ་ཁ་ནས་གོ་སྙོབ་བྱས་བཟུང་ནས་རྟ་འགབ་ཏུ་སྐྱོན་སོང༌། དེ་ནས་སོག་པོ་ཡིན་པར་ཤེས་ནས་ཁོང་རྣམས་ཀྱིས་སྒྲིགས་བྱས་ད་བུད་མེད་དང་བུ་ཚ་ལང་ལོང་རྣམས་ཀྱང་མ་བསྐྱུར། གུར་དང་ཆས་ཕལ་ཆེར་བཞག །སོག་པོ་རི་བཟུང་བ་ལ་བསྟད་ནས་ཚ་བོ་ལྷ་མོ་དབང་ལྡན་མདང་ང་ལ་རྨི་ལམ་བཟང་པོ་བྱུང་ཅི་ཡང་སྐྱོན་མི་ཡོང་ཟེར་རི་ལ་འཛིགས་པས་སོག་པོ་རྣམས་ཡར་རི་རྩེ་ལ་བྲོས། དེ་ནས་ས་སྲོས་མཚམས་མཚན་བཅོད་བྱས་བྲོས་པས་སྐྱོན་མེད་དུ་ཐར་བ་སོགས་ལེགས་ཚོགས་ཆེ་བ་རང་བྱུང༌། དེ་ནས་ནང་པར་ཚ་བོ་གཉིས་གཡོག་གཅིག་དང་གསུམ་གྱིས་སྔ་མའི་བསྡད་ཤུལ་བསྐོར་བ་ལ་ཡོངས་པས་ཚ་བོ་ལྷ་མོ་དཔལ་གྱི་རྟ་ཉལ་ནས་འགྲོ་མ་འདོད། བསླང་བས་ལང་མ་འདོད། རྟ་དེ་ན་བ་ཡིན་འདུག་ཟེར་ལོག་ཡོངས་པས་ན་བ་མེད་པར་ཐད་བཞིན་འགྲོ་ཟེར་དེ་