[A:༦༡༢]རང་དུ་གྲུབ་པ་བྱས། སྔགས་རམས་པ་རྣམས་ལ་བཤད་པ་ཐུན་གཉིས་གཉིས། འབུམ་རམས་པ་སོགས་ལ་བཤད་ཁོར་རེ། ཆེ་བགྲེས་པ་རྣམས་ལ་གཞུང་ཞུ་རེ་ཚོགས་ལང་ཐོ་རེ་བ་མ་གཏོགས་ཐམས་ཅད་ལ་བྱེད་སྐབས་མ་བྱུང༌། གྲ་སྐོར་བ་ཁམས་པ་འབའ་རོ་ཟེར་བ་དེས་ཚོགས་སུ་མང་ཇ་གསུམ། ཆེ་བགྲེས་སློབ་དཔོན་གྲ་སྐོར་བ་སོགས་ལ་དར་འགྱེད་གཉིས་བྱས་བཤད་པ་ཡང་དགའ་མོ་ཡོད་པ་ཞིག་འདུག །གཞན་འབྲས་ཡུལ་བ། གཞའ་རི་བ། ཐུབ་བསྟན་པ་ངག་དབང་སོགས་ཀྱིས་ཡང་བཤད་པ་ལེགས་པར་ཡོང་གིན་འདུག །དཔོན་ས་ལྷ་གཅིག་ཕུན་ཚོགས་རྒྱལ་མོས་མང་ཇ་བརྒྱད། ཆེ་བགྲེས་སློབ་དཔོན་གྲ་སྐོར་བ་སོགས་དར་འགྱེད་བཟང་པོ་དང་ནས་ཁལ་གཉིས་མ། བསྔོ་རྟེན་ཤིན་ཏུ་བཟང་བ་དང་བཅས་པ། གདན་ས་ཆེན་པོ་ནས་མང་ཇ་བསྔོ་རྟེན་དང་བཅས་པ། སྡེ་པ་གཙང་པས་མང་ཇ་ཟུང༌། སྤྱི་འབུལ་བསྔོ་རྟེན་བདུན་ཚན་བཟང་པོ། རྩེ་ཆེན་ནས་མ་དང་ལྷ་སྲས་དྲུང་གིས་མང་ཇ་རེ་རེ། ཤངས་དགྲ་འདུལ་ནས་མང་ཇ་སོགས་བསྙེན་བཀུར་སྟོབས་ཆེ་བར་བྱུང༌། དེ་སྐབས་སུ་ནུབ་དགོན་པ་དགུ། རྗེས་སུ་སྐྱར་སྐྱ་པའི་བླ་མ་གཅིག་དང་བཅས་པ་བཅུས་བསྙེན་རྫོགས་ས་པཎ་ནས་བརྒྱུད་པའི་སྡོམ་རྒྱུན་གཙང་མ་ཡིན། ལྷུན་གྲུབ་སྤེལ་ནས་དུས་རྒྱུན་དུ་བཞེས་སྤྲོ་གསོལ་ཇ་བདའ་བ་དང་བཅས་པ་གནང༌། མགོན་པོའི་བསྐང་བཤགས་རྩོམ་དགོས་གསུང་ཡང་ཡང་བསྐུལ། གུར་ཞལ་ཕྱག་དྲུག་པ། ལེགས་ལྡན་ཕྱག་བཞི་པ། དུར་ཁྲོད་བདག་པོ། ལས་གཤིན། དམག་ཟོར། རྣམ་སྲས། བེག་ཙེ། ཚེ་རིང་མཆེད་ལྔ་སོགས་ལ་བསྐང་བཤགས་མཆོད་སྤྲིན་སོགས་རྒྱས་པར་བརྩམས། དེའི་ལུང་ཕུལ་རྗེས་གནང་དགོས་གསུང་དེ་སྔ་མ་གྲུབ་རྗེས་སུ་འབུལ་