[A:༦༡༣]པ་བྱས། ཆུ་མོ་སྦྲུལ་གྱི་དགུན་ཆོས་འདུས་ཚོགས་ལ། །མཆོད་སྦྱིན་བསྙེན་ཅིང་བཀུར་བ་བསམ་མི་ཁྱབ། །ལེགས་བཤད་སྐྱེས་འབུལ་ཕྱོགས་ཀྱི་གྲྭ་སྐོར་བས། །བསྟན་ལ་ཕན་པའི་བཤད་པའི་རྒྱུད་མང་སྒྲོགས། །དགུན་ཆོས་སྟེང་དུ་སྡེ་པ་རོང་པས་འབྲས་ཡུལ་རབ་འབྱམས་པ་ཞིག་དང༌། རྩེ་ཆེན་ནས་དཔོན་ས་སྐྱེ་རྒོད་པས་རང་དང་རྩེ་ཆེན་སོགས་སུ་དབྱར་ཆོས་ལ་འཁོར་ཙམ་བྱས་པས་ཆོག་ཡོང་དགོས་གསུང་བ་བྱུང་ཀྱང་རྩོལ་བ་མ་བྱས། དེ་ནས་དགུན་ཆོས་གྲོལ་མཚམས་རང་གནས་སུ་སླེབ། འདར་ནས་ཞབས་དྲུང་ཆེན་མོ་ལ་སྐུ་དོག་ཤིན་ཏུ་ཆེ་བས་ཚེ་དབང་བརྒྱ་ཚར་རེ་ཟླ་རེ་ལ་དགོས་གསུང༌། ལྷུན་ཆེན་དྲུང་ལ་ཡང་སྐུ་དོག་ཆེ་བས་རྒྱས་པའི་སྦྱིན་སྲེག་དང༌། ཚེ་བཀའ་དགོས་གསུང་ཕུ་ཆུ་ཚན་འཁོར་རྩེར་ཕྱིན་རྒྱས་པའི་སྦྱིན་སྲེག་དང་ཁུ་དབོན་གཉིས་ལ་ཚེ་བཀའ་བརྒྱ་ཚར་བྱས། འདར་ནས་འདིར་སླེབ། ཤིང་ཕོ་རྟ་ལོ་ཟླ་བ་གཉིས་པའི་ཚེས་བརྒྱད་ལ་གཏོར་སྒྲུབ་བཙུགས་ཚེས་དགུའི་ནུབ་རྨི་ལམ་དུ་དུར་ཁྲོད་བདག་པོ་ཡབ་ཡུམ་ཡིན་ཟེར་བའི་ཨ་ཙ་ར་གཉིས་གཤིབས་ནས་བཞུགས་ན་བཟའ་ནང་མ་གཉིས་པུས་གོང་དུ་བརྫེས་པ་འདྲ་བ། ཕྱི་ནས་ན་བཟའ་དཀར་པོ་གསར་པ་སྐྱ་འཇོལ་ལེབ་བསྣམས་པ་གཉིས་མཐོང་བས་སེམས་དགའ་བ་དང་སྤྲོ་བ་ཤིན་ཏུ་ཆེ་བ་བྱུང༌། དེའི་འཁྲིས་ན་ཁམ་བུའི་སྡོང་པོ་ཆེན་པོ་ནམ་མཁའ་ལ་ཟེང་ངེ་བ་ཞིག་འདུག་པ་ལ་དེ་ལག་གཡས་ནས་བསྐོར་ལྷོ་ནུབ་ཕྱོགས་ཀྱིས་ཡལ་ག་ནས་འདི་ན་སྨིན་པར་ཡོད་ཟེར་བཏོགས་ཀྱིན་ཟོས་པ་རྨིས་སོ། །མཚན་རྨི་ལམ་ཡིན་ཡང་མངོན་སུམ་བཞིན། །ལྷ་དུར་ཁྲོད་བདག་པོ་ཡབ་ཡུམ་མཇལ། །འབྲུ་བཟང་པོ་སྨིན་པའི་རོ་