[A:༦༡༧]དེ་མིན་གཤེད་དམར་སྤྲོས་མེད་ཞུ་འདོད་འདུག་པ་ལྟར་འཁྲིད་ཆེན་བཞིའི་དབང་རྣམས་མི་གྲུབ་པ་འདུག་པས། གཤེད་དམར་ལྷ་ལྔའི་དབང་བྱས། སྤྲོས་མེད་རྒྱུན་གྱི་བྱིན་རླབས་ཏེ་དབང་དང་བྱིན་རླབས་རྣམ་བཞི་རྫོགས་པ་བྱས། སྤྲོས་མེད་འཁྲིད་ཀྱི་རིམ་པ་རྣམས་ཀྱང་ཆ་ཚང་རྫོགས་པར་གྲུབ་པ་ཡིན། ཡུལ་ཞ་ལུ་སྐུ་ཞང་ཆོས་རྗེ་ལ། །འཁྲིད་ཟབ་མོ་ཤིན་ཏུ་སྤྲོས་མེད་ལམ། །དབང་བྱིན་རླབས་འཁྲིད་རིམ་མ་ཚང་མེད། །དུས་མྱུར་བར་ཕུལ་འདི་དགེ་ཞིང་ཤིས། མི་ཟད་པ་ཞེས་པ་མེ་ཕོ་ཁྱིའི་ལོ་ཟླ་བ་དྲུག་པའི་ཉེར་གཉིས་ལ་བྱ་གཤོངས་ནས་ལྷ་དབང་རྩེའི་ཆུ་ཚན་ལ་ཕྱིན་པའི་ཚེ། ཆུ་ཚན་གྱི་འོག་གཞི་བྱེ་མ་འབོལ་ལེ་འདུག་པས་བྱེ་མ་ལ་གྲེ་མོ་བཙུགས་ཆུ་ཚན་དུག་པས་དེའི་རྐྱེན་བྱས་གྲེ་མོ་ལ་ཆུ་བུར་ཅིག་བྱུང༌། ཞག་འགའ་ནས་དེ་ལ་ངས་ཀྱི་རྣམ་པས་ཟུག་གཟེར་ཅུང་ཟད་སྐྱེས། ཆུ་ཚན་གྱི་འགྲམ་ན་བྲག་དང་གད་པ་དམར་སྲ་ལེ་བ་འདུག་པ་དེ་གཉན་པོ་རང་ཡིན་ཟེར་བ་ནས་ཅུང་ཟད་རྣམ་རྟོག་སྐྱེས་མཚན་མོ་ཉལ་བའི་ཚེ་དེ་ལ་གཏད་པའི་དམིགས་པ་དང༌། སྔགས་བཟླས་མང་དུ་བྱས་པས་མཚན་ཕྱེད་ཙམ་ནས་རྨི་ལམ་དུ་ཁ་ནས་སྦྲུལ་གཅིག་འཐོན་གྲབས་བྱེད་ཀྱིན་འདུག །ལག་གིས་འཐེན་པས་ཕྱེད་ཙམ་ནས་སྦད་དེ་ཆད་སོང་གཉིད་སད་དེ་མ་ལེགས་སམ། དེ་ལ་དམིགས་པ་གཏད་ཡང་ཉལ་བས་རྨི་ལམ་དུ་སྔར་གྱི་སྦྲུལ་གྱི་འཕྲོ་དེ་ཁ་ནས་འཐོན་གྲབས་འདུག་པས་ཡང་ཆད་ནས་འཕྲོ་མ་ཅུང་ཟད་ལུས། གཉིད་སད་ད་དུང་མ་ལེགས་སམ་དམིགས་