R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༢༠
[A:༦༢༠]འདུག་སྙམ་སྟོན་དང་བྱས་པས། དཀྱིལ་འཁོར་འདི་ན་ཡོད་ཟེར་རས་འདུལ་ལ་དཀྱིལ་འཁོར་བྲིས་པ་མང་པོ་འདུག་པའི་གསེབ་ནས་བཏོན་ནས་བསྟན་བྱུང་བ་བལྟས་པས། ཆོས་འབྱུང་གྲུ་གསུམ་པའི་ཉིས་བརྩེགས་ཟུར་གཡས་གཡོན་རེ་རེ་ན་ཟུར་ཕྲན་དེ་ཡོད་པ་མཐའ་མེ་རིས་ཀྱིས་བསྐོར་བ་ཞིག་བསྟན་བྱུང༌། དེའི་ཚེ་རང་ཇ་ཞིག་འཐུང་གིན་འདུག་པས་ལག་པ་གཡོན་ན་དཀར་ཡོལ། གཡས་ན་དམག་ཟོར་མའི་སྐུ་ཞལ་གདོང་གསུམ་བརྩེགས་བྱས་པ་ཞིག་འདུག །ཞལ་གདོང་གསུམ་པོ་ཅི་ཡིན་སྙམ་ཙ་ན། འོག་མ་དམག་ཟོར། བར་མ་དབྱངས་ཅན། སྟེང་མ་རིགས་བདག་གཤིན་རྗེ་གཤེད་ཀྱིས་ཡིན་ཟེར་རོ། །མཚན་དུས་འོད་གསལ་ངང་དུ་བླ་མ་རྗེར། །སྔོན་མེད་དམག་ཟོར་ལྷ་མོའི་རྗེས་གནང་ཞུས། །དཀྱིལ་འཁོར་སྐུ་བརྙན་ངོ་མཚར་ལྟད་མོ་མཐོང༌། །བྱིན་རླབས་སྙིང་ལ་ཞུགས་སྙམ་དགའ་བ་སྐྱེས། །བྱ་རྒོད་གཤོངས་སུ་བསྙེན་རྫོགས་པ་ཆོས་རྗེ་འགའ་རོང་པ། །ཆོས་རྗེ་འབུམ་པ་ཤེར་བློ་བ། ཆོས་རྗེ་ཆ་ལུང་པ། ཆོས་རྗེ་རྐྱང་འདུར་བྱམས་པ། ཆོས་རྗེ་གྲགས་པ། ཆོས་རྗེ་གཙང་ཚུལ། ཆོས་རྗེ་འཇམ་དབྱངས་པ། ཆོས་རྗེ་བོ་དོང་གྲགས་བྱང་པ། ཆོས་རྗེ་འབྲུག་པ་སྤོས་སྐྱ་པ། ཆོས་རྗེ་ནམ་མཁའ་པ། ཆོས་རྗེ་བོ་དོང་རིང་མོ། ཆོས་རྗེ་ལས་ཆེན་མངོན་དགའ་ཤར་པ། ཆོས་རྗེ་བསྟན་པ་དར་རྒྱས། ཆོས་རྗེ་ཉི་མ་བཀྲ་ཤིས། ཆོས་རྗེ་ཉང་སྟོད་ཉི་མ་བ། ཆོས་རྗེ་ཉང་སྟོད་འཇམ་དབྱངས་པ། ཆོས་རྗེ་སྔགས་འཆང་པ། ཆོས་རྗེ་བསམ་གཏན་པ། ཆོས་རྗེ་རྩེ་ཆེན་གྲགས་པ། ཆོས་རྗེ་ཧོར་རྒྱལ་མཚན་པ། ཆོས་རྗེ་ཀུན་དགའ་རྒྱལ་མཚན་པ། ཆོས་རྗེའི་འོད་ཟེར་ལྷུན་གྲུབ་པ། ཆོས་རྗེ་ཟུར་ཆེན་དགེ་རྒྱམ་པ།