[A:༦༢༢]མཆོག་གི་གཞུང་ལུགས་བཤད་བྱས་པས། །བཀའ་དང་རབ་འབྱམས་སྨྲ་བས་མགྲིན་པ་བརྒྱན། །བློ་གསལ་ངང་མོ་བཞད་པའི་འཕུར་ལྡིང་གིས། །ས་དང་བར་སྣང་ཁྱབ་འདི་བླ་མའི་དྲིན། །རྩེ་ཆེན་དུ་བྱི་ལོ་ཕྱིན་སྐབས། ཆོས་རྗེ་གུར་པ་དེ་རང་ཉིད་ལ་དབང་རྗེས་གནང་མང་དུ་ཞུས་པའི་སློབ་མ་ཡིན་ཀྱང༌། ཁོང་གིས་དབུས་ལ་བྱོན་སྔར་མ་ཐོབ་པའི་ཆོས་མང་པོ་ཐོབ་འདུག་པས། རང་གི་གསང་བའི་བླ་མ་བཅོལ། ཞལ་གྱི་ཁྱུང་ཞལ་ཅན། ཚེ་འཕེལ་དཀར་པོ་སོགས་ཐོབ་ཡིག་ནང་བཞིན་མང་དུ་ཞུས། ཁོང་སྔགས་འཆང་ཀུན་དགའི་མཚན་ཅན་ལ། །རང་ཁེངས་དྲེགས་ཆེ་འདོད་མ་ཡིན་ཀྱང༌། །ཁོང་སྦྱིན་བདག་མ་དད་འགོག་པའི་ཕྱིར། །སྙིང་དད་པས་གསང་བའི་བླ་མ་བཅོལ། །ནོར་བུའི་གླིང་གི་མཁའ་ལས་གྲུབ་འཕྲལ་གྱི་ཚེ། རིན་ཆེན་མཁའ་འགྲོའི་མཚན་རྟགས་དང་ལྡན་པའི་རྗེ་བཙུན་ཡེ་ཤེས་དྲུང་འདིར་ཕེབས་ཞག་གཅིག་བཞུགས། སྒྲོལ་དཀར་གྱི་རྗེས་གནང་གསན། དེ་གང་གྲང་ཆེན་བླ་བྲང་དུ་དཔོན་ས་སྨོན་འགྲོ་མ་དང་གཉིས་བྱོན་པའི་ཚེ་ཚེ་བཀའ་གསན། དེ་དུས་རང་ཁམས་ཉོག་གེ་བ་ཞིག་ཡོད་པ་ལ་ཐུགས་ཕྲལ་ཆེན་པོ་གནང་གིན་འདུག །སྟག་ལོ་འདར་རྩེ་ནས་སྦྱིན་བདག་མཛད་སྤྲུལ་སྐུ་ཀུན་བཟང་རོག་ས་ངོར་པ་གཅིག་གཉིས་ཀྱིས་ཕྱག་ཆེན་རྩོད་སྤོང་པར་དུ་བཞེངས། དེ་རྗེས་རིམ་པ་བཞིན་དུ་ཕྱག་ཆེན་ཡང་ལན། རྒྱུད་མན་ངག་གི་བརྒྱུད་འདེབས། ཀླུ་གྲུབ་ཀྱི་བསྟོད་པ། རབ་གནས་ཀྱི་རྩ་བ། བཟང་དྲུག་གི་ལག་ལེན། བཟང་དྲུག་གི་རྟེན། བཟང་པོའི་ཁྱད་ཆོས། ཀླུ་སྒྲུབ་སྟོད་འགྲེལ་སོགས་བརྒྱ་ཕྲག་ལྷག་