[A:༤༡༧]དམངས་དོའི་རྣམ་འགྲེལ་ཆེན་མོ། དོ་ཧ་མཛོད་དྲུག་གི་ལུང་སོགས་དང༌། གཞན་ཡང་རྒྱ་གར་གསང་གཅོད་ཆུང་བ། རྒྭ་ལོའི་གཏུམ་མོ་ཞག་བདུན་མ། ཕྱག་ཆེན་ཡི་གེ་བཞི་པ། ལྔ་ལྡན། རོ་སྙོམས་སྒང་དྲིལ་སོགས་དང༌། ཁྱད་པར་རྗེ་མར་པའི་སྙན་གྱི་ཤོག་དྲིལ་བཞི། དེ་བཞིའི་ནང་ཚན་རྩ་རླུང་དྲ་མིག་འཁོར་ལོའི་འཁྲུལ་འཁོར་བཅོ་ལྔ་སོགས་ལག་ལེན་ལ་ཐེབས་པར་སྦྱངས་པས། བླ་མ་དེ་ཡང་བཀའ་དྲིན་ཆེ་བ་ཡིན། ཁོ་བོ་སློབ་གཉེར་གྱི་ཚེ་ཉིན་མོ་གཉིད་ལོག་ཀྱང་རྨི་ལམ་རང་ཟིན་ལ་ཡོང་བས་མཚན་མོ་ལྟ་ཅི་སྨོས་ཤར་ཀྱང་མཚན་མོའི་དགེ་སྦྱོར་རྨི་ལམ་འཛིན་པ་ལས་སླ་བ་འདུག་སྙམ་པས། མཚན་མོ་ཉལ་བ་ལ་སྤྲོ་སག་གེ་བ་ཞིག་ཆུང་ངུ་ཉིད་ནས་ཡོད། དམིགས་པའི་སྒོ་ནས་རྨི་ལམ་འཛིན་པ་ལ། ནི་གུ་ལས་ཀྱང་ལམ་འབྲས་ངོས་དམིགས་པ་རྣོ་བ་ཙམ་བྱུང༌། ར་ས་མཚལ་ཞེས་དབེན་པའི་རི་ཁྲོད་ནས། །མཁས་གྲུབ་ཆོས་རྗེ་དཔལ་འབར་མཚན་ཅན་བཞུགས། །དྭགས་ཤངས་བཀའ་བརྒྱུད་གདམས་པའི་ཉིང་ཁུ་ཐོབ། །རེ་ཞིག་བདེ་བའི་སྟེགས་བུ་ངལ་གསོ་བརྩམས། །རྣལ་འབྱོར་གོས་དཀར་གྱོན་པའི་དོ་ར་རུ། །རླུང་དང་གཏུམ་མོ་ལུས་ཀྱི་འཁྲུལ་འཁོར་སོགས། །རྩ་ཡིག་ཐིག་ལེའི་རྣལ་འབྱོར་ཉམས་སུ་མྱོང༌། །དབེན་གནས་རི་ཁྲོད་འགྲིམ་སྙམ་སག་གེ་བྱུང༌། །དེ་ནས་དཔོན་སློབ་རྣམས་ཀྱི་ཁྱི་ཕག་བྱི་བའི་ལོ་གསུམ་གྱི་ངོ་ལ་འདར་གྱི་བྲག་ཁུང༌། རྨུ་བྲག་ཤོད། མུ་གུ་ལུང་རྣམས་སུ་བཞུགས། དེ་ཡང་ཐོག་མར་མང་མཁར་རྨུའི་ལྷོ་ནུབ་ཕྱོགས་ཀྱི་གྲོག་པོ་གང་ཕུག་གསུམ་ཡོད་པ་འཛིན་སྤྲས་མཛད། ལོགས་རྣམས་རྩིག་པས་གྲུ་བཞིར་བཅད་ནས་ཞལ་བ་བྱས། མདུན་དང་ཤོད་དུ་མེ་ཏོག་ལྡུམ་ར་དང་འཁྲུལ་འཁོར་རྡེགས་སོགས་ལེགས་པར་བཅོས་པའི་གནས་ཤིན་ཏུ་སྤྲོ་བ་ཞིག་ཡོད་པ་དེར་ཤས་ཆེར་