R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༡༨
[A:༤༡༨]བཞུགས། ཐུགས་དམ་ངག་འདོན། སེམས་འཛིན་རླུང་འཁྲུལ་འཁོར་བསླབ་སྦྱོང་སོགས་ཤིན་ཏུ་འཕེལ་བར་བྱུང༌། ནང་གཅིག་ཁོང་དཔོན་སློབ་རྣམས་གཞུང་ལ་སྤྱན་དྲངས་སོང༌། ཁོ་བོས་གཅིག་པུར་རླུང་བུམ་པ་ཅན་འཛིན་ཞིང་བསྡད་པས། གད་ཕུག་གི་ནང་ཐམས་ཅད་དུ་འཚུབ་ཀྱིས་ཁྲིག་མེར་ཁེངས་བྱུང༌། ནག་པོ་ཚང་དུ་གོ་མེ་མཆེད་སྙམ་སྐེད་པ་ལ་གཟན་དཀྲིས་ནས་ལྟར་ཕྱིན་པས་ཐབ་ཁ་ནི་སྐམ་ཀྲོག་གེ་འདུག །ཚུར་ལོག་ནང་དུ་སླེབ་ཙ་ནའང་དུ་འཚུབ་མ་བསངས་བ་ཞིག་བྱུང་སྟེ་ཕྱི་རོལ་གྱི་དུ་བ་མ་ཡིན་པར་ནང་ནས་འོད་གསལ་དུ་བ་ལྟ་བུའི་ཉམ་ཤར་བར་འདུག །དེ་ཕྱིན་ཆད་ནས་རླུང་གཟུང་རེས་ཀྱི་འོད་གསལ་དུ་བ་ལྟ་བུའི་ཉམས་དེ་རྒྱུན་མ་ལ་འཆར་གྱིན་འདུག །ཡང་ནང་གཅིག་རླུང་འཛིན་གྱིན་ཡོད་ཙ་ན་རྩིག་ལོགས་ན་ས་པཎ་གྱི་སྐུ་ཐང་ཕྱག་གཉིས་ཆོས་འཆད་མཛད་པ་ཞིག་བཀྲམ་ཡོད་པས་གཞན་མི་འགུལ་བར་ཕྱག་ཆོས་འཆད་ཀྱི་སོར་མོ་རྣམས་གུལ་གུལ་བྱེད་ཀྱིན་འདུག །མིག་འཁྲུལ་བ་ཡིན་ནམ་སྙམ་ཐང་སྐུའི་འཁྲིས་སུ་བལྟས་པས་ཀྱང་རེ་ཞིག་སྔར་བཞིན་འགུལ་གྱིན་འདུག །དེ་རིགས་ཀྱང་རླུང་ཟིན་པའི་ཉམས་ཡིན་པར་འདུག་སྟེ། དེ་ཕྱིན་ཆད་དེ་འདྲའི་ཉམས་ཐོ་རེ་བ་ཡོང་གིན་འདུག །ཡ་ག་ཆོས་སྡིངས་དང་བྱ་བཤོངས་ཀྱི་ཚོམས་ཀ་བཞི་མར་རླུང་བཟུང་བའི་ཚེ་ཡང་ཀ་བ་རྣམས་འདེག་ཅིང་ཁྱོམ་ཁྱོམ་བྱེད་པས་ཁང་པ་རྡིབ་འགྲོ་བ་སྙམ་བྱེད་པ་ལ་འཇིགས་སྐྲག་མེད་པ་ཅིག་བྱུང་སྟེ། ཉམས་དེ་རིགས་སྨིག་རྒྱུའི་ཉམས་ཡིན་ཟེར་བ་ལམ་འབྲས་གཞུང་བཤད་ན་འདུག །ཡང་ཕུག་པ་དེར་འཇམ་དཀར་དང་སྒྲོལ་དཀར་གྱི་བསྙེན་པ་བྱས་པའི་ཚེ་ཐོ་རངས་ཤིག་ལུང་པ་ཁ་བྱང་ལྟས་སྐྱ་སེང་བ་ཞིག་ཏུ་ཕྱིན་པས་ལུང་པ་དེའི་ནང་ཐམས་ཅད་མེ་ཏོག་དཀར་པོ་མདའ་ཚད་ཙམ་པས་ཁྲིག་མེར་ཁེངས་པ། དེའི་ཕྱོགས་གཅིག་ན་མེ་