R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༡༩
[A:༤༡༩]ཏོག་ཨུཏྤལ་སྔོན་པོ་ཚད་སྔ་མ་བཞིན་ལ། འདབ་མ་རྣམས་སྔར་བས་ཤེད་ཅུང་ཟད་ཆུང་བ་འདྲ་བ་མཐོང༌། དེའི་ཚེ་སེམས་ལ་དགའ་སྤྲོ་དཔག་མེད་ཤར། ལྷ་དཀར་པོ་རྣམ་གཉིས་ཀྱིས་བྱིན་གྱིས་བརླབས་པའི་མཚན་མ་ཅུང་ཟད་ཡིན་ནམ་སྙམ། བློ་ཤེས་རབ་འཕེལ་བྱེད་དཀར་པོ་བཞི། །ཐུགས་བརྩེ་བས་རྗེས་བཟུང་འཇིག་རྟེན་དབང༌། །མགོན་མཁྱེན་བརྩེ་འབྲལ་མེད་ཏཱ་ར་མ། །ལྷ་ཁྱེད་ཀྱིས་བསྐྱངས་འདི་སྐལ་བ་བཟང༌། །ལྷ་པདྨ་དཀར་པོའི་སྤྱན་རས་འཛུམ། །སེམས་ངལ་འཚོའི་ལུང་བསྟན་གསུང་དབྱངས་སྙན། །ཚེ་སྔོན་ནས་ཐུགས་རྗེའི་ལྕགས་ཀྱུས་སྦྲེལ། །དུས་ད་ལྟ་བདེ་བ་ཁྱེད་ཀྱི་དྲིན། །གནས་དེར་གཞན་ཡང་ལྷ་ཕྲན་མང་པོའི་བསྙེན་པ་ཡང་བྱས། གཞུང་ལུགས་མང་པོ་ལ་ཤར་སྦྱངས་དང་ལྟ་རྟོགས་འཕེལ་པོ་བྱུང༌། རླུང་འཁྲུལ་འཁོར་སོགས་ཀྱང་རྩོལ་བ་ཆེན་པོ་བྱས་པས། འོད་གསལ་གྱི་རྟགས་དང་ཉམས་སྣང་བསམ་གྱིས་མི་ཁྱབ་པ་བྱུང་ངོ༌། །དེ་ནས་མང་མཁར་རྨུའི་བྲག་ཤོད་ཟེར་བ་དེར་ཟླ་གཅིག་ཙམ་བཞུགས་པས། སྔར་བཙན་ཐབས་ཡེ་མི་ཐེབས་པ་ལ་ཕྱིས་རླུང་བུམ་ཅན་གཟུང་ཙམ་གྱི་བཙན་ཐབས་རང་ཐེབས་ལ་འབྱུང་ཞིང་ལུས་ལ་བདེ་བ་དང༌། སེམས་ལ་འཆར་སྒོ་སྣ་ཚོགས་འཆར་བ། མཚན་དུས་རྨི་ལམ་རང་ཟིན་དང་གཉིད་ལོག་པ་ལ་བྲོད་པ་སྐྱེ་བ་སོགས་དགེ་སྦྱོར་འཕེལ་པོ་བྱུང་བ་ཡིན། དེ་ནས་མུ་གུ་ལུང་དུ་དཔོན་སློབ་གསུམ་གྱི་ཟླ་གཅིག་ཙམ་བཞུགས། དེ་དུས་ཁོ་བོ་ལ་གཞུང་མང་པོ་བློ་ལ་ཡོད་ཀྱང་སྡོམ་གསུམ་རབ་དབྱེ་ཉིན་རེ་ལ་ཚར་རེ་ཆག་མེད་བྱས། གཞན་དབུ་མ་འཇུག་པ། བྱམས་ཆོས་ལྔ། མངོན་པ་མཛོད། རིགས་པ་དྲུག་ཅུ་པ། ཆོས་དབྱིངས་བསྟོད་པ། བརྒྱད་སྟོང་དོན་བསྡུ། ཉི་ཤུ་པ། སུམ་ཅུ་པ་སོགས་སྐབས་སྐབས་སུ་རེ་མོས་ཀྱིས་བཏོན།