[A:༤༢༠] དེར་ཡང་རྨི་ལམ་གྱི་ཡུལ་སྣང་རླུང་གི་འོད་གསལ་གྱི་རྟགས་སོགས་རྒྱུན་མ་ཆད་པ་དེ་ག་བྱུང་ངོ༌། །དེ་ནས་ཕག་ལོ་དགུན་བཟང་ལྡན་དུ་རྗེ་དམ་པས་གསུང་ངག་སོགས་ཆོས་འཁོར་བསྐོར་རྒྱུ་ཡིན་པས་ཁྱེད་རང་དཔོན་སློབ་ཤོག་གསུང༌། གོང་མ་ནམ་མཁའ་རིན་ཆེན་གྱི་ཕྱག་རྟགས་བྱུང༌། ངེད་དཔོན་སློབ་ཀྱིས་ཀྱང་བྱོན། ཟླ་བ་གསུམ་གྱི་རིང་ལ་ཚོགས་པ་སུམ་བརྒྱ་ཙམ་ལ་ལམ་འབྲས་སྔ་ཆོས་འཕྱི་ཆོས་དང༌། བླ་མ་སློབ་དཔོན་སོགས་ཆ་ལག་སྒྲིག་མཁན་སུམ་ཅུ་ཙམ་ལ་ཟུར་དུ་ཐུན་རེ་མཛད། མཐར་རྗེ་མཁན་སོགས་བདུན་ལ་ཆ་ལག་ཡོངས་སུ་རྫོགས་པ་གནང༌། མདོར་ན་དབང༌། བྱིན་རླབས། ལམ་སྐོར་དགུའི་འཁྲིད་ལུང་སོགས་དེ་དུས་ལས་རྒྱས་པ་མ་བྱུང་ཞེས་གྲགས། རྒྱུ་དབང་དངོས་གཞིའི་ནུབ་རྨི་ལམ་དུ་རྗེ་དམ་པ་ཁྲི་མཐོན་པོ་ཞིག་ན་བཞུགས། ལམ་འབྲས་པ་གཞན་རྣམས་གྱེལ་འགྲོ་ཡིན་འདུག །ཁོ་བོ་ལ་རྗེས་ལ་སྡོད་གསུང་ནང་མཆོད་ཀ་པཱ་ལ་ནས་བདུད་རྩི་སྤར་བ་གང་ཙམ་གནང་བྱུང་བས། སྔར་མྱོང་མ་དྲན་པའི་རོ་བཅུད་ཕུན་སུམ་ཚོགས་པ་མྱོང༌། བླ་མའི་བྱིན་རླབས་དེ་ནས་ཞུགས་སྙམ་བྱུང༌། དེ་དུས་ལམ་འབྲས་རྫོགས་པ་བདུན་གྱི་ནང་ཚན་ལ་ཁོ་བོ་མ་ཆུད་པས་ཕྱིས་མང་རིང་སྒོ་སྤེ་ན་རྗེ་དམ་པ་བཞུགས་པའི་སྐབས། ཁོ་བོས་སྔར་གྱི་ལམ་འབྲས་ཀྱི་ལྷག་མ་རྣམས་ཞུས་པས་ཐུགས་དགྱེས་པ་ཆེན་པོ་དང་བཅས་ཁོ་བོ་ཅག་གཅིག་པུ་ལ་ངམ་རིང་སྒོ་སྤེའི་སྟེང་ཁང་དུ་བདག་མེད་ཕྱི་ནང་གི་དབང༌། བརྡ་ཆིག་བརྒྱུད། གསང་བཅུའི་རྒྱས་འདེབས། སྒྲུབ་པ་ལུང་སྦྱིན་སོགས་དཔྱིད་ར་ཚེས་བཅུ་གཉིས་ལ་རྫོགས་པར་ཐོབ། སྒྲུབ་པ་ལུང་སྦྱིན་གནང་བའི་ཚེ་ནམ་མཁའ་སྲིབ་སེ་བ་ཞིག་ལ་འབྲུག་གི་སྐད་འུར་བ་ཞིག་བྱུང་བས་རྗེ་བླ་མའི་ཞལ་ནས་རྟེན་འབྲེལ་བཟང་ངའི་ཉེ་པོ་ཆོས་རྗེ་ལ་འཕྲིན་ལས་དང་སྙན་