R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༢༡
[A:༤༢༡]གྲགས་ཆེན་པོ་ཡོང་བ་འདུག་གསུང༌། སྐུ་གཞོགས་ན་ཡོད་པའི་དཔོན་དྲུང་འཕན་དང༌། དགེ་སློང་རིན་ཅེན་སོགས་ཀྱང་དེ་ག་མཆིས་སོ་རྟེན་འབྲེལ་ལེགས་ཟེར་རོ། །ནག་པོ་སྤྱོད་པའི་རྣམ་འཕྲུལ་དམ་པ་རྗེར། །ཉེར་བརྒྱད་ལོ་ལ་གསུང་ངག་ལམ་སྐོར་བཅས། །དབང་འཁྲིད་བྱིན་རླབས་དཔེ་ལུང་མ་ཚང་མེད། །རྫོགས་པར་ཐོབ་འདི་སྐལ་བ་བཟང་ངོ་སྙམ། །དེ་ནས་ཉེར་དགུ་པ་བྱི་བའི་ལོ་འདར་རྣམ་རྒྱལ་སྟག་རྩེ་དང་འདབ་འབྱོར་བ་ཆོས་འཁོར་ཡང་རྩེའི་བླ་བྲང་དུ་བཀའ་དྲིན་མཚུངས་པ་མེད་པ་འདྲེན་མཆོག་བློ་གསལ་རྒྱ་མཚོའི་དྲུང་གིས། ངེད་དཔོན་སློབ་འདར་ནས་སྐུ་མདུན་ཆོས་རྗེ། ཆོས་ཀྱི་རྗེ་རབ་བརྟན་དཔལ་འབར་སོགས་ལྔ་བཅུ་སྐོར་ལ་གསུང་ངག་ལམ་འབྲས་གནང༌། ཁོ་བོས་ཟིན་བྲིས་བགྱིས་པའི་དཔེ་རྣམས་སྤྱན་ལམ་དུ་གཟིགས་ཕུལ་བས་ཤིན་ཏུ་ཐུགས་དགྱེས། ཁྱེད་ལ་ཚེ་རབས་སྔ་མ་རྣམས་སུ་གསང་སྔགས་ལ་སྦྱངས་པ་བྱས་པའི་ལས་འཕྲོ་བཟང་པོ་ཞིག་འདུག །གཞན་ཚེ་འདི་ལ་སྔར་སྦྱངས་པ་ཆེན་པོ་མ་བྱས་པས་གོ་བ་འདི་འདྲ་ཆགས་མི་ཡོང་གསུངས། ཡང་སྐབས་ཤིག་ཟིན་བྲིས་འདྲ་འབུལ་དུ་ཕྱིན་པས་ཤིན་ཏུ་དགྱེས། ངའི་ལམ་འབྲས་སློབ་བཤད་འདི་ཁྱེད་མིན་པ་གཞན་གྱིས་ཇི་ལྟ་བ་བཞིན་མི་གོ །སྙིང་པོའི་བཅུད་བསྡུས་པ་ཚི་ལུ་དང་འདྲ་བའི་ལམ་འབྲས་པ་དེ་ཁྱེད་ཡིན་ནོ་གསུང༌། མདོར་ན་རྗེ་བླ་མ་དེས་ཐོག་མར་ལམ་འབྲས་ཚོགས་བཤད་ཚར་གཅིག་དེ་ནས་ལམ་འབྲས་སློབ་བཤད་བཟབས་བཤད་གནང༌། བྱིན་རླབས་འཕྲོ་ཅུང་མ་རྫོགས་པ་འདྲ་འཇམ་མགོན་བླ་མ་ལ་ཞུ་དགོས་པ་བྱུང་བ་ཡིན་ནོ། །མདོར་ན་རྗེ་བླ་མ་བློ་གསལ་རྒྱ་མཚོ་དེ་ལ་སྔ་ཕྱིར་ཤེས་རབ་བསྐྱེད་པའི་ལྷ་དཀར་པོ་རྣམ་བཞི་སོགས་རྗེས་གནང་