R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༢༢
[A:༤༢༢]གི་རིགས་ཤིན་ཏུ་མང་བ། རྗེ་བླ་མས་བསྒྲིགས་པའི་བེ་བུམ་ནང་བཞིན་གྱི་དཔེ་ལུང༌། དེ་ནས་དམར་པོ་སྐོར་གསུམ། དམར་མོ་སྐོར་གསུམ། དམར་ཆུང་མ་སྐོར་གསུམ་སོགས་གསེར་ཆོས་བཅུ་གསུམ་གྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང༌། དམར་པོ་སྐོར་གསུམ་གྱི་པོ་ཏི་གསུམ་གྱི་ལུང་རྗེ་བླ་མའི་དཀར་ཆག་ནང་བཞིན་དང༌། མགོན་པོ་ཆེ་ཆུང་གི་རྗེས་གནང༌། མགོན་ཆེན་གྱི་ཕྱི་ནང་གི་འཁྲིད། མགོན་པོད་མེ་འབར་མའི་དཔེ་ལུང་རྗེ་བླ་མའི་དཀར་ཆག་ནང་བཞིན་དང༌། གཞན་ཡང་ངའི་མགོན་པོའི་མན་ངག་འདི་ཁྱེད་སྣོད་ལྡན་དུ་འདུག་པས་རྫོགས་པ་རང་གཅིག་བྱེད་དོ་གསུང་བཀའ་གནང་ཕེབས། སྐབས་ཤིག་ཁོ་བོ་ལ་ཤོག་གསུང་ཁྱེད་ལམ་འབྲས་པ་འདི་རྣམས་ཀྱི་ནང་ནས་ལམ་འབྲས་འཆད་མཁན་གཅིག་ཡོང་བ་འདུག་གོ་གསུང་བ་ཕེབས་ཏེ། འཇམ་མགོན་བླ་མ་དང༌། རྗེ་རབ་བརྟན་པ་གཉིས་ཀྱིས་ཀྱང་ལམ་འབྲས་གནང་མོད། རྗེ་བླ་མའི་ཁྲི་ཐོག་ཏུ་ཁོ་བོ་འབའ་ཞིག་གིས་ལམ་འབྲས་བཤད་པས་དེ་ཙམ་ལ་དགོངས་སམ་སྙམ། ཡང་སྐབས་ཤིག་མགོན་པོ་ཁྲོ་བཅུའི་རྗེས་གནང་གནང་པའི་ནུབ་མོ། བྱ་རོག་སྣུམ་སྟོང་བ་བཅུ་ཙམ་གྱིས་བདག་ལ་སྐོར་བ་བྱེད་པ་རྨི། སྲུང་སྐྱོབ་བྱེད་པའི་རྟགས་སུ་གོ །བྱི་ལོ་དེ་ལ་ཆོས་རྒྱལ་ནམ་མཁའ་ཚེ་དབང་རྡོ་རྗེས་འཇམ་མགོན་བླ་མ་བློ་གྲོས་རྣམ་རྒྱལ་ངམ་རིང་ཆོས་སྡེའི་རྒྱན་དུ་ཆེ་བ་འདུག་པས་ཆོས་སྡེའི་དབུ་མཛད་དང༌། གྲ་ཚང་གི་གཙུག་རྒྱན་ཡིན་པས་ཡ་ག་ཆོས་སྡིངས་ཀྱི་འཛིན་བདག་ལ་ཡོང་དགོས་གསུང་ཡང་ཡང་ཕེབས་པས་དེ་ག་མཛད་པའི་དགོངས་པར་འདུག །ཁོ་བོ་ཅག་སྔར་ཡིན་ན་སྲོལ་འབྱེད་གཉིས་སོགས་གཞུང་ལུགས་ཆེན་པོ་ལ་ཡིན་མིན་གྱི་འགྲོ་ལྡོག་བྱེད་པ་ཙམ་བྱས། རང་གི་ཁུ་བོ་གཉིས་ཀྱང་བཀའ་བརྒྱུད་པ་ཡིན་པས།