R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༢༣
[A:༤༢༣] བཀའ་བརྒྱུད་གོང་མའི་རྣམ་ཐར་ལ་ཞུགས། བཀའ་བརྒྱུད་ཀྱི་ཉམས་ལེན་བྱས། རི་ཁྲོད་འགྲིམ་པའི་རྣལ་འབྱོར་པ་ཞིག་བྱེད་བསམ་པ་ཁོ་ན་ཡོད་ཀྱང༌། རྗེ་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ལ་གསུང་ངག་ཐོབ་ཕྱིན་འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གསུམ་གྱི་སྒོ་ནས་བསྟན་པ་ལ་ཕན་པ་ཞིག་བྱེད་ན་དཔལ་ལྡན་ས་སྐྱ་པའི་ཆོས་ལུགས་འདི་ཁོ་ན་ལྷག་པ་འདུག་ཅིང༌། ཁྱད་པར་ཉམས་ལེན་ཆ་ཚང་བའི་ཉམས་ལེན་སྙིང་པོ་ཆིག་དྲིལ་བྱེད་ནུས་ན་ལམ་འབྲས་སློབ་བཤད་འདི་ལས་ལྷག་པ་མི་འདུག་ཅིང༌། གཞན་རྣམས་ཉམས་ལེན་ཕྱོགས་རེ་བ་ཙམ་དུ་འདུག་པས་གཞན་ལ་འགྲམ་ཆུ་མི་ལྡང་ཞིང་ལྟོས་མི་དགོས་པར་རི་ཁྲོད་འགྲིམ་ཐུབ་པའི་ཆོས་འདི་ཉིད་ཡིན་སྙམ་པའི་ངེས་པ་གཏིང་ཚུགས་པ་སྐྱེས། ཆོས་སློབ་བཤད་སྙིང་ལ་འཕོས་པའི་ཚེ། །གཞན་རྩབ་རྩོབ་སོམ་ཉིའི་མདུད་པ་གྲོལ། །རྗེ་ས་སྐྱའི་འཇམ་མགོན་བརྒྱུད་པ་ལས། །སྐྱབས་གཞན་ན་མེད་དོ་མཆེད་གྲོགས་རྣམས། །དེ་ནས་བླ་མའི་གསུང་གིས་གསེང་འདི་ལ་གཞི་བསྙེན་ཡུད་ཀྱི་བཏང་ན་ལེགས། ཟླ་བ་དྲུག་གདན་ཐོག་གཅིག་ཏུ་སྡོད་པ་འདི་གནས་གང་དགར་ལོང་མི་ཡོང་ཞིང་བྱེད་མི་ཐུབ། ཁྱེད་རང་མཚན་ཉིད་པ་རྣམས་ཀྱི་གྲ་སྐོར་ཐོངས་པ་དང་འདྲ་གསུང་པས་བཀའ་ལུང་དེ་མ་འོངས་མཁྱེན་པའི་མངོན་མཁྱེན་དུ་འདུག །དེ་དུས་མ་བྱས་ན་བྱ་གཤོངས་བཞག་ནས་གཞི་བསྙེན་བྱེད་ཟེར་བ་ལས་མི་ཡོང་བ་ཡོད། དེ་ཙ་ན་ལམ་འབྲས་འཆད་ཐུབ་པ་ཡང་དཀའ་བ་འདུག །དེ་ནས་ཁོ་བོས་ཀྱང་བླ་མའི་གསུང་བཞིན་དེ་ག་བྱེད་ཞུས། གྲང་མོ་ཆེའི་གྲང་ཁང་ཀུན་གྱི་ཡང་རྩེ་མཐོན་པོ་གཅིག་ཏུ་མཚམས་བཅད། གཞན་རོགས་གཅིག་ཀྱང་མེད་པ་བྱས་བླ་བྲང་ནས་སྔ་ཇ་འཕྱི་ཇ་རེ་སྐྱེལ་བ་གནང་