R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༢༦
[A:༤༢༦]བ་དཔག་ཏུ་མེད་པ་བྱུང༌། འདི་འདྲ་བ་རི་མོ་ལ་བྲི་ཐུབ་ན་དགའ་བ་སྙམ་པ་ཤར་རོ། །ཡང་སྐབས་ཤིག་ལྕེ་བདེ་མོ་མ་བྱུང་བར་སེམས་ནོང་པར་ཡོད་པ་ལ། མཚན་དུས་རྨི་ལམ་ཟིན་ཙ་ན་སྔགས་འདྲེན་པའི་འདུན་པ་བྱས་པས། སྔགས་མགོ་ཨོཾ་ཟེར་བ་བྱས་ཙ་ན་སྔགས་ཐམས་ཅད་རང་ཤུགས་ཀྱི་ནར་ར་ར་རྒྱུན་ཆགས་ཀྱིས་རྩོལ་བར་མ་ལྟོས་པར་ཐོན་སོང་བས་སེམས་དང་སིང་ངེ་བ་ཞིག་བྱུང་ངོ༌། །ཡང་ལན་གཅིག་རྨི་ལམ་ཟིན་འབུམ་ཕྲག་གསུམ་པའི་སྐུ་མང་པོ་འཆོས་པའི་སྣང་བ་ཤར་ནས། འབུམ་ཕྲག་གསུམ་པའི་སྐུ་མང་པོ་པར་ལ་བརྐོས་ཏེ་ཤོག་བུ་ལ་བཏབ་ནས་ཤར་ཕྱོགས་ཀྱི་གྱང་ལོགས་ཤིག་ལ་བརྒྱབ་པའི་སྣང་བ་ཤར་ཏེ། ཕྱིས་བྱ་རྒོད་གཤོངས་ཀྱི་གདན་ས་བྱེད་པའི་རྟེན་འབྲེལ་གྱི་སྔ་ལྟས་སུ་འདུག་གོ །མཚན་དུས་ཉིད་འཁྲུལ་བསེང་བའི་འོད་གསལ་ན། །ཡུལ་སྣང་སྣ་ཚོགས་རྣམ་བཀྲའི་རི་མོ་ཤར། །ངོ་མཚར་ལྟད་མོ་སྣ་ཚོགས་དེ་ཚེ་མཐོང༌། །མཚན་བསྙེན་མཐའ་རུ་འཁྱོལ་སྙམ་དགའ་བ་སྐྱེས། །དངོས་སམ་རྨི་ལམ་ཉམས་ཀྱི་སྣང་བ་ལ། །ཕྲ་རགས་འཆར་སྒོ་བསམ་གྱིས་མི་ཁྱབ་ཀྱང༌། །ཕལ་ཆེར་དྲན་ལམ་མི་གསལ་གསལ་ན་ཡང༌། །མངས་པས་འཇིགས་ཕྱིར་བཀོད་ཀྱང་གད་མོའི་གནས། །དེ་ནས་དགྱེས་རྡོར་ཡབ་ཡུམ་གྱི་བསྙེན་པ་རྫོགས། དེ་རྗེས་ཁ་སྐོང་བསྙེན་པ་མཛད་པའི་ཕྱག་སྲོལ་གཞན་ལ་འདུག་ཀྱང་རང་ལུགས་ལ་མི་སྣང་ཁ་གསོ་བའི་སྦྱིན་སྲེག་གི་ཚེ་དབོན་རབ་འབྱམས་པ་བློ་གྲོས་མཚམས་ནང་ན་ཡོད་པས་སྦྱིན་སྲེག་གི་རོགས་ལ་བོས། ཐབ་ཐིག་དང་ཐབ་ཀྱི་རྡུལ་ཚོན་སོགས་དྲུང་ཆེན་བཟང་པོས་བས་བྱས། གཅེད་མདེས་མེ་སྦོར་བའི་ཚེ་གཅེད་མ་དེ་ཁུར་བ་ཙམ་གྱི་མེ་ཚང་གི་ཨོང་བའི་རས་མདེ་དེས། གཅེད་མདེའི་མེ་ཕྲོགས་པ་བཞིན་དུ་མེ་ཚང་