R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༢༩
[A:༤༢༩]ལ་མེ་འབར་ནས། གཅེད་མདེའི་མེ་དེ་མེ་ཁང་ལ་ཡལ་སོང་བ་མངོན་སུམ་དུ་བྱུང་བས་རྟེན་འབྲེལ་ངོ་མཚར་ཆེ་སྙམ་པ་བྱུང༌། ཁ་སྐོང་སྦྱིན་སྲེག་བྱས་ཚེ་མེ་ལྷ་ཡིས། །མེ་ལྕེ་རང་འབར་བསྲེག་རྫས་བདུད་རྩི་བཞེས། །་འགལ་རྐྱེན་སྡིག་བསྲེགས་ཚེ་དང་བསོད་ནམས་འབར། །འོད་གསལ་མེ་ལྕེས་མ་རིག་མུན་བསལ་སྙམ། །ཞག་དྲུག་བར་ལ་ཁ་གསོའི་སྦྱིན་སྲེག་གྲུབ། མཚན་དུས་རྨི་ལམ་འོད་གསལ་ཆར་སྒོའི་ངང༌། །གྲངས་དུས་མཚན་བསྙེན་རབ་འབྲིང་ཐ་མ་གསུམ། །གདན་ཐོག་གཅིག་ཏུ་ཚང་བའི་དྲིན་དྲན་ནས། །ཕྱག་འཚལ་ཐུགས་རྗེས་གཟིགས་ཤིང་བློ་གསལ་རྗེ། །མཚམས་ལ་ཧབ་འགྲོལ་མི་རུང་གསུང་པས་ཞག་འགའ་ཅི་བདེར་གནས། དེ་ནས་རྗེ་བླ་མ་དགྱེས་བཞིན་དུ་བླ་བྲང་དུ་ཤོག་གསུང་ཕྱིན་པས་དེའི་ཉིན་ངོར་པའི་ཟུར་འཆད་པ་ཆོས་རྗེ་སངས་རྒྱས་སེང་གེ་འབྱོན་རྒྱུ་ཡིན་ཟེར་གདན་གཤོམ་གྲུབ་འདུག །དེ་ལ་ཕྱག་འབུལ་ཨེ་དགོས་ཞུས་པས། ངོར་ལ་འབྱོན་འདོད་ཡོད་ན་བྱས་པས་རུང༌། གཞན་མི་དགོས་གསུང་ནས་མ་བྱས། དེ་ནས་འཇམ་མགོན་བླ་མ་ཡང་བྱི་ལོ་དགུན་ཆོས་ཐོག་ཏུ་ཆོས་སྡེའི་དབུ་མཛད་དང༌། ཡ་ག་ཆོས་སྡིངས་པའི་ཕྱག་འབུལ་བཞེས་གྲུབ་ནས་ངེད་ཀྱི་མཚམས་གྲོལ་དང་བསྟུན་འདར་དུ་ཕེབས། རྗེ་བླ་མ་ཡབ་སྲས་མཇལ་ཕྲད་གནང་བའི་ཚེ་རྗེ་བླ་མ་རང་ལས་བཞུགས་གདན་མཐོ་བ་བཅས་འདུག་པ་ལ། འཇམ་དབྱངས་བླ་མས་མི་བཞུགས་གསུངས་ཀྱང་རྗེའི་དྲུང་དེ་སྐད་མ་གསུང༌། ཁྱེད་མཐོ་བ་དེ་གང་མཐོ་བ་ཡིན་ནོ་གསུང༌། དེ་ནས་ཆོས་རྒྱལ་ནམ་མཁའ་ཚེ་དབང་རྡོ་རྗེའི་ཁོ་བོ་ལ་ཆོས་གླིང་སློབ་དཔོན་ལ་ཤོག་གསུང་ཕྱག་རྟགས་ཕེབས། འགྲོ་འདོད་མེད་ཚུལ་ཞུས་ཀྱང་བླ་མ་ཡབ་སྲས་ཀྱིས་