R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༣༡
[A:༤༣༡]ལ་བདག་ཟླ་གཅིག་སྡོད་ལོང་ཡོད་བ་འདུག་པས། དེ་བར་གསུང་ཆོས་ཤིག་གནང་དགོས་ཞུས་པས། འོ་ན་ནི་གུ་ཨེ་བྱེད་གསུང༌། ནི་གུ་སྔར་ཡང་ཐོབ། ནི་གུའི་ཆོས་འདི་དྭགས་ཤངས་བཀའ་བརྒྱུད་ཀྱི་བླ་མ་ཞིག་ལ་ཞུ་བ་རིགས། འདིར་དཔལ་ལྡན་ས་སྐྱ་པའི་ཟབ་ཆོས་ཤིག་ཞུ་སྙམ་ནས་འཁོར་ལོ་བདེ་མཆོག་གི་འཁྲིད་ཅིག་གནང་འཚལ་ཞུས་པས། དེ་ཟླ་བ་གཅིག་ལ་ཅུང་མི་འགྲོ། འཇིགས་བྱེད་ཀྱི་འཁྲིད་ཅིག་ཨེ་བྱེད་གསུང༌། ཁོ་བོས་འཇིགས་བྱེད་ལ་སྔར་འཁྲིད་ཟབ་མོ་དེ་ཡོད་པ་ཉ་མགོ་མ་ནོན། དྲག་པོ་མངོན་སྤྱོད་སོགས་ལས་ཚོགས་ཆེན་པོ་བྱས་པ་ཞིག་ཡོད་པ་འདྲ་སྙམ། དེ་ཡང་མིན་པ་ཞིག་ཞུ་ལགས་ཞུས་པས། འོ་ན་དཔལ་ལྡན་ས་སྐྱ་པའི་གསུང་ངག་ཆེ་ཆུང་དུ་གྲགས་པའི་ཤིན་ཏུ་སྤྲོས་མེད་ཀྱི་འཁྲིད་འདི་ཟབ་པོ་ཞིག་ཡོད་པས་དེ་ཨེ་བྱེད་གསུང༌། དགའ་བ་དང་སྤྲོ་བ་ཆེན་པོ་བྱུང༌། དེ་ག་བཀའ་དྲིན་ཆེ་ཞུས་པས་སྤྲོས་མེད་ལ་ངོར་ནས་བརྒྱུད་པ་དང༌། ཐེག་ཆེན་ཆོས་རྗེ་ནས་བརྒྱུད་པའི་བརྒྱུད་པ་གཉིས་ཀ་ཚང་བའི་རྒྱས་པ་ཞིག་བཞུགས་འདུག་པས། ཐོག་མར་གཤེད་དམར་ལྷ་ལྔའི་དབང༌། སྤྲོས་མེད་རང་རྐང་ལ་སྐལ་ལྡན་ཅིག་ཅར་བ་རྗེས་འཛིན། རྫོགས་རིམ་གྱི་འཁྲིད་ཁོ་ན་ཡིན་འདུག་ཀྱང་རྗེ་ཨེ་ཝཾ་པས་བསྐྱེད་རིམ་གྱི་འཁྲིད་ཁ་བསྐང་བ་བཞིན་བསྐྱེད་རྫོགས་ཀྱི་འཁྲིད་ཆ་ལག་ཡོངས་རྫོགས་བརྒྱུད་པའི་ལོ་རྒྱུས་དང༌། བསྐྱེད་རིམ་བཤད་པ་སོགས་ལ་ཟིན་ཐུན། བྱིན་རླབས་ཀྱི་སྐོར། སྤྲོས་མེད་རྒྱུན་གྱི་བྱིན་རླབས། འོད་གསལ་འཆར་བའི་བྱིན་རླབས། བདུད་རྩི་བྱིན་རླབས་སོགས་རྒྱས་པར་ཐོབ། ཁོ་བོས་ཀྱང་དེ་རྣམས་ལ་ཟིན་བྲིས་བྱས་གཟིགས་ཕུལ་བས་ཐུགས་དགྱེས་པར་གྱུར། དེའི་ལོ་ཕྱི་མ་ཡང་ཆོས་འཁོར་ཕུག་