[A:༤༣༢]ཏུ་གཤེད་དམར་གྱི་བསྙེན་པ་སྦྱིན་སྲེག་དང་བཅས་པ་གྲུབ། དེ་ནས་རྗེ་བླ་མའི་དྲུང་དུ་ཡོངས། མང་མཁར་རྨུའི་གཟིམས་ཁང་གསར་པར་སླེབ། བཀའ་གདམས་ཀྱི་ཆོས་སྐོར་མང་པོ་དང་ལམ་དབང་གཅིག་གནང༌། དེ་འདུས་ཀྱི་ཕྱག་དྲིལ་ཧོར་ལོག་ར་ལོག་རྩེ་ལྔ་མ་ཞིག་འདུག་པ་དེ། ལམ་དབང་གི་རིང་ལ་ཁོ་བོ་ལ་གནང༌། འདི་ཁྲོལ་ཐུགས་དམ་དང་བཤད་པ་སོགས་འཕྲིན་ལས་གྱིས་གསུང༌། དྲིལ་བུ་དེ་དེང་སང་ཡ་ག་ཆོས་སྡིངས་ན་འཇམ་དབྱངས་བླ་མའི་སྐུ་གདུང་རིང་བསྲེལ་བཞུགས་པའི་དངུལ་གདུང་གི་དྲུང་ན་ཡོད། སློབ་དཔོན་བྱེད་རིང་ལ་མཇལ་ཕྲད་ལ་ཁོ་རེ་ཡོངས་གསེར་ཞོ་རེ་ཞོ་དོ་འབུལ་རྒྱུ་ཡོང་གིན་ཡོད། ཁྱེད་ངའི་གསེར་དཔོན་ཡིན་ནོ་གསུང༌། སྣམ་སྦྱར་གཏུར་བུ་དང་བཅས་པ་སོགས་གནང༌། རྒྱུད་མན་ངག་གི་མངའ་བདག་ཚར་པ་རྗེ། །ཐུགས་འབྲལ་མི་ཕོད་པར་བརྩེ་བས་བསྐྱངས། །དྲིན་འཁོར་མེད་ཀྱི་འདྲེན་པར་ཡིད་ཆེས་རྙེད། །ཁྱེད་ཡང་ཡང་དྲན་ནོ་ཐུགས་རྗེས་གཟིགས། །གླང་ལོ་དགུན་ཆོས་སྟེང་དུ་མཁན་ཆེན་བཟང་པོ་བཀྲ་ཤིས་ཀྱིས་མཁན་པོ་དང༌། འཇམ་དབྱངས་བླ་མ་ཕྱོགས་ལས་རྣམ་རྒྱལ་གྱིས་ལས་སློབ་མཛད། མདོ་རྩ་བར་སྐལ་བ་དང་ལྡན་པའི་རང་བཞིན་ཅན་ལ་བར་ཆད་མ་དྲིས་པར་ཡང་ངོ་ཞེས་གསུངས་པ་ལྟར་དེ་དུས་གསང་སྟོན་མེད། གྲིབ་ཚོད་ཁ་སྐོང་དང་བཅས་པའི་དབུས་སུ་ངམ་རིང་ཆོས་གླིང་བླ་བྲང་དུ་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་ཐོབ། སྡོམ་རྒྱུན་དེ་ནི་མཁན་སློབ་གཉིས་ཀྱི་ལྕགས་ཐང་ཆོས་རྗེས་ལས་བསྙེན་པར་རྫོགས། ལྕགས་ཐང་ཆོས་རྗེས་ཡ་ག་ཆོས་སྡིངས་སུ་སྒྱེ་ཆུ་བ་བྱམས་པ་དཀོན་ཅོག་དཔལ་ལས་བསྙེན་པར་རྫོགས། དེས་ངམ་རིང་མཁན་ཆེན་རིན་