[A:༤༣༠]དགའ་རིན་ཆེན་གྱི་བཞུགས་གྲལ་དུ་དབུ་མ་ལ། ཞལ་སྔ་ནས་དམ་ཆོས་པ་དང་གཉིས་བགྲོ་གླེང་རྒྱུན་རིང་པ་བྱས། བགྲོ་གླེང་སོད་སོགས་ཤིན་ཏུ་སྨར་བ་ཕན་ཚུན་གཉིས་ཆར་བློ་ཚད་མར་བྱས་པ་བྱུང༌། ཆོས་རྒྱལ་གྱི་ཞལ་ནས་བགྲོ་གླེང་ཟེར་བ་དེ་ཁྱེད་གཉིས་ཀྱི་དེ་འདྲ་བ་ཞིག་ཡོང་བ་ཡིན་གསུང༌། གཞན་དཔང་པོ་དང་ལྟད་མོ་བ་རྣམས་ཀྱང་དེ་རིང་ལས་ལྟད་མོ་ཆེ་བ་མ་བྱུང༌། ཀུན་གྱི་རྒྱུད་མི་འཁྲུག་པ་གཡག་འཁྲུག་ལྟ་བུ་རྒྱུན་རིང་པོ་བྱས་ན་ཡོན་ཏན་གྱི་བཤན་མི་ཕྱེད་ཀ་མེད་ཡོང་བ་འདུག་ཟེར་བ་བྱུང་ངོ༌། །ཐུབ་བསྟན་ཕྱོགས་ཀྱི་ཆོས་རྗེ་ལུང་རྒྱ་མ་ཆུང་བ་ཟེར་བའི་སྐུ་ཡོན་ཤིན་ཏུ་ཆེ་བ་ཞིག་ཡོད་པ་དེ་ན་རེ། ཁྱེད་དང་བགྲོ་གླེང་བྱས་པས་བློ་བསྐྱེད་མི་འབྱུང་བ་མི་སྲིད། གཞན་དང་བགྲོ་གླེང་བྱས་ཀྱང་ཚིག་འགྲེ་ཙམ་མ་གཏོགས་དོན་གྱི་བགྲོ་གླེང་ནི་མི་ཡོང་རྒྱུད་འཁྲུག་པ་ལས་མེད་ཟེར་རོ། །ཡང་མཚལ་གུང་པའི་སློབ་དཔོན། ཆོས་རྗེ་བཀྲ་ཤིས་འོད་ཟེར་བ་དེ་ན་རེ། བཟང་ལྡན་ཆོས་སྡེར་གོང་མ་ནམ་མཁའ་རིན་ཆེན་གྱི་ངམ་རིང་ཆོས་སྡེའི་གྲ་ཤར་དྲག་པ་རྣམས་བོས། ཆོས་སྡེ་གཉིས་རྩོད་པ་བྱེད་དུ་བཅུག་པའི་ཚེ་ངེད་ངམ་རིང་པ་རྣམས་ཀྱིས་མ་ཐུབ་པས་ང་རང་ཡང་མཐེང་སྐྱེས་པ་དེ་འདྲ་བྱུང་སྟེ། ཁྱེད་པོ་ཏི་མཐའ་དག་ལ་མཁས། ཐུབ་བསྟན་ལུགས་ཀྱི་གཞུང་དོན་གྱི་བགྲོ་གླེང་ཡང་ཤེས། བྱ་གཤོངས་ལུགས་ཀྱི་བར་ཤུན་གྱི་བགྲོ་གླེང་ཡང་ཤེས་པས་ཁྱེད་ཀྱི་ཁ་ཡ་བྱེད་པ་འཇིགས་པོར་འདུག་ཟེར་རོ། །གཟུར་མི་གནས་པའི་ཕྱོགས་གཞན་མི་དགའ་ཡང༌། གཟུར་གནས་ས་དགེའི་ཕྱོགས་གཞན་དྲང་ཐིག་འདེབས། ཕྱོགས་ལྷུང་རྨོངས་པའི་རྩོད་ལས་རྣམ་གྲོལ་བའི། །རིགས་སྨྲར་དཔྱོད་ལྡན་དམ་པ་རེ་རེ་ཙམ། །གླང་ལོ་དེའི་སྟོན་འདར་དུ་ཡོང༌། རྗེ་བློ་གསལ་རྒྱ་མཚོ་