[A:༤༣༣]ཆེན་རྡོ་རྗེ་ལ་བསྙེན་པར་རྫོགས། དེ་ཡན་གྱི་བརྒྱུད་པ་མ་རྙེད། ཕྱིས་ལྷས་སྡིངས་སློབ་དཔོན་ཤེས་རབ་མེ་ལྕེ་བའི་གསུང་གིས་ཁྱེད་ཀྱི་ཐུགས་ལ་མཁན་ཆེན་རིན་རྡོར་བས་སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་ལ་བསྙེན་པར་རྫོགས་སམ་དགོངས་པ་ཞིག་འདུག་སྟེ། དེ་མིན་པའི་མཁན་བརྒྱུད་ཀྱི་ཡི་གེ་ཞིག་ཁོ་བོ་ལ་ཡོད་དེ་གཟིགས་འབུལ་གསུང་བ་བྱུང་ཀྱང་ཕྱིས་ལག་ཏུ་མ་བྱུང༌། དེ་ནས་ཁོ་བོས་ཆོས་གླིང་དུ་གླང་སྟག་ཡོས་གསུམ་ཕར་ཚད་ལ་འཆད་ཉན་ཡང་འཕེལ་པོ་བྱུང༌། བྱམས་ཆོས་ལྔ་གསར་འཛིན་པ་སུམ་ཅུ་ཙམ་བྱུང་བ་རྒྱུགས་འབུལ་ལ་འགྲོ་སྙམ་ཡོད་པ། ཆོས་རྒྱལ་ཆེན་པོས་ཡ་ག་ཆོས་སྡིངས་སློབ་དཔོན་ལ་རྫོགས་བདའ་བྱེད་པའི་དགོངས་པ་ཡོད་འདུག་པས་འབྲུག་ལོ་ཕྱག་རྟགས་རིམ་པ་གཉིས་ཙམ་བྱུང༌། ཁོ་བོས་ཀྱང་དེ་ཀ་ཤེས་ནས་མ་ཕྱིན་པ་ལ་བརྗིད་ཆེ་བ་དང་བཅས་པའི་ཕྱག་རྟགས་གསུམ་པ་ཞིག་བྱུང༌། ཁོ་བོས་ཀྱང་བྱམས་ཆོས་པ་རྣམས་ཀྱི་རྒྱུགས་འབུལ་དང་བཅས་འགྲོ་རྩིས་བྱས་པ་ལ། གྲྭ་པ་བྱིང་གིས་ཀྱང་ཤེས་ནས་ངེད་ཀྱང་འབོད་ཞུས་ལ་འགྲོ་ཟེར་བྱམས་ཆོས་རྒྱུགས་འབུལ་དང་བཅས་ལྔ་བཅུ་སྐོར་གྱིས་ཡོངས་རྒྱུགས་འབུལ་ལེགས་པར་གྲུབ། ངེད་ཆོས་གླིང་རྒན་པ་བཞི་དང་བཅས་ཆོས་རྒྱལ་ཆེན་པོའི་དྲུང་དུ་གསོལ་ཇ་ཞུས། བྱམས་ཆོས་རྒྱུན་འདོན་འཛུགས་པའི་རྟེན་དུ་སྔར་གྲ་ཚང་ནས་གསེར་གྱོང་ཞོ་དོ་རེ་སྡེ་སྲིད་གཟིམས་ཆུང་དུ་ལོ་སྟར་གྱི་འབུལ་དགོས་འདུག་པ་དེ་འཆག་པ་ཞིག་བཀའ་དྲིན་བསྐྱངས་དགོས་ཞུས་པས། ཆོས་རྒྱལ་ནམ་མཁའ་ཚེ་དབང་རྡོ་རྗེ་ཞལ་འཛུམ་མདངས་དང་ལྡན་པར་བྱས། གསེར་གྱོང་ཞོ་དོ་པོ་འདི་གཟིམས་ཆུང་དུ་འབབ་རྒྱུ་