[A:༣༩༧]ཕར་འགྲོ་ཚུལ་འགྲོའི་གཏམ། །ཆོས་ལྡན་སྦྱིན་བདག་དད་སུན་མི་འབྱིན་ཕྱིར། །མགྱོགས་པར་བྲིས་ལ་བླ་མ་མཁའ་འགྲོས་བཟོད། །གང་གཞན་དད་འདུན་ཉི་ཟེར་གྱིས་སྤྲོས་པས། །བདག་བློ་ཀུ་མུད་ཟུམ་པ་མ་བཟོད་ནས། །རང་སྣང་སོ་འཕྲེང་ཟེའུ་འབྲུ་གཙིགས་འདི་ལ། །མ་དད་མུན་རུམ་ཁྲེལ་ཡང་ག་ཞའི་གནས། །ཞེས་མཆོད་བརྗོད་དམ་བཅའ་སྔོན་དུ་བཏང་ནས་རང་གི་ལོ་རྒྱུས་ཇི་ལྟར་འཚམས་པ་སྒྲོ་སྐུར་སྤངས་ནས་ཅུང་ཟད་བརྗོད་ན། བྱང་ཕྱོགས་གསེར་གྱི་ལས་བྱེད་མཐོ་བའི་རིགས། །ཆོ་རིགས་རྣམ་དཔྱོད་གཙང་བའི་གཞོན་ནུ་མཆེད། །ཟང་ཟང་འབྲོང་ཞེས་རི་ཐང་མཛེས་པའི་ཆ། །རྐང་འཐུང་དོ་ར་འཁྲིགས་དེར་སྐྱེས་སོ་ལོ། །དེ་ཡང་འདི་སྐད་ཐོས་ཏེ་ཁོ་བོའི་རིགས་ནི། བྱང་ཕྱོགས་ཆོས་རྒྱལ་རིམ་པར་བྱོན་པའི་རིགས་ལྡན་གང༌། །དེ་དག་གི་གསེར་འདོན་པའི་གསེར་དཔོན་ཞེས་པའི་ལས་བྱེད་ཁྲོམ་རིགས་མང་པོའི་དཔོན་དུ་སྐོས་པའི་གསེར་དཔོན་གྱི་ཐོག་མ་གསེར་དཔོན་ལྷ་མོ་སྐྱབས། དེའི་སྲས་གསེར་དཔོན་ལྷ་མོ་མགོན། དེའི་སྲས་གསེར་དཔོན་ལྷ་མོ་དོན་གྲུབ། དེའི་སྲས་ཕོ་ལྔ། མོ་ལྔ་སྟེ་བཅུའི་སྐྱེས་